R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༠༤
[A:༣༠༤]དཔལ་མགོན་ཞལ་འདིས་ཕྲིན་ལས་ཞིག་སྒྲུབ་པའི་ལྟས་ཡིན་པ་འདྲ་གསུང་བ་དང༌། ཡང་སྡེ་དགེར་བཞུགས་སྐབས་ལོ་རེ་བཞིན་འབྲི་གཉན་གདོང་གི་མགོར་ཆར་འབེབས་ལ་ཡང་ཡང་ཕེབས་པའི་སྐབས་ཕལ་ཆེར་ལའང༌། གཉན་གདོང་ནས་རྗེ་འདིའི་བཞུགས་གནས་སྒྲུབ་ཁང་ལ་འཇའ་ཟུག་པ་སྐྱེ་བོ་ཕལ་ཆེར་གྱིས་མཐོང་བ་དང༌། ཡང་ལན་ཅིག་གཉན་གདོང་མགོར་ཆར་འབེབས་ལ་ཕེབས་པའི་སྐབས་ཤིག་དྲག་ཆར་ཆེན་པོ་ཞིག་བབས་པར། དེའང་རྗེ་འདིའི་ཕེབས་ལམ་གང་ཡིན་ཞེང་དུ་འདོམ་གང་ཙམ་ཡོད་པར་ཆར་འབྲུ་རེ་གཉིས་ལས་མི་འབབ་ཅིང་དེ་མིན་སྐུའི་གཡས་གཡོན་ཐམས་ཅད་ལ་བབས་པ་དེར་ཡོད་པའི་ཞབས་འབྲིང་བ་ཐམས་ཅད་ཀྱིས་མཐོང་བ་དང༌། ཡང་ལན་ཅིག་ཡིད་ལྷུང་དུ་ཕེབས་པའི་སྐབས་ཤིག །རྗེ་འདིའི་དབུ་གུར་གྱི་ཕྱི་ཐམས་ཅད་འཇའ་ཁ་དོག་སྣ་ལྔས་གཏུམས་ཤིང༌། དེ་ནས་འབྲོག་པ་ཞིག་གིས་གདན་དྲངས་པའི་སར་ཕེབས་པའི་སྐབས་ཀྱང༌། ནམ་མཁའ་ནས་འོད་དཀར་པོ་སྣམ་བུ་བརྐྱངས་པ་ལྟ་བུ་ཞིག་གིས་ཕེབས་བསུ་ཕེབས་སྐྱེལ་གྱི་ཚུལ་ལྟ་བུས་འགྲོ་འོང་བྱེད་པ་དེར་འཁོད་པ་ཐམས་ཅད་ཀྱིས་མཐོང་བ་དང༌། གཞན་ཡང་སྒ་སྟོད་ཕྱོགས་སུ་ཕེབས་པའི་སྐབས་གཞི་བདག་མང་པོས་གུས་པའི་རྣམ་འགྱུར་བྱེད་པ་སོགས་རྗེ་རང་གིས་གཟིགས་པ་དང༌། ཡང་སྐུ་ན་ཆུང་ངུའི་དུས་སྐབས་འགར་ཁོང་པའི་ནང་ནས་ཉི་མ་ཤར་བ་སྙམ་བྱེད་པའི་གསལ་སེང་ངེ་བའི་ཉམས་འཆར་བ་ཞིག་ཡོད་ཅེས་གསུང་པ་དང༌། ཡང་དུས་ཕྱིས་ཁང་པའི་ཕྱི་ནང་ཐམས་ཅད་དུ་བ་ལྟ་བུ་ཞིག་གིས་ཁེངས་པ་སྙམ་བྱེད་པའི་གཟིགས་སྣང་ཡང་ཡང་བྱུང་ཞེས་གསུང་བ་དང༌། ཡང་ཕྱིས་སུ་སྣང་བ་ཐམས་ཅད་ཡི་གེ་སྒྲོགས་ཤེས་མི་ཤེས་ཙམ་གྱིས་ཁྱབ་པའི་མཐོང་སྣང་ཞིག་རྟག་ཏུ་འོང་གིན་འདུག་ཅེས་ཡང་ཡང་བཀའ་སྩལ་པ་དང༌། ཡང་