[A:༣༠༥]མཚན་མོ་སྣང་གསལ་སོགས་མེད་པའི་སྐབས་ཀྱང་གྱང་ལོགས་ཀྱི་རི་མོ་རྣམས་མཐོང་བ་སྙམ་བྱེད་པའི་གསལ་སྣང་ཞིག་འདུག་ཅེས་བཀའ་སྩལ་པ་རྣམས་ནི་རྫོགས་རིམ་གྱི་ལམ་མཐར་ཕྱིན་པའི་རྟགས་ཁྱད་པར་ཅན་དུ་མངོན་ལ། ཡང་མདོ་ཁམས་སུ་ཆོས་སྐྱོང་གི་རྗེས་གནང་སྩལ་བའི་སྐབས་ཁ་ཅིག་དང༌། ས་སྐྱར་ཡབ་རྗེ་རིན་པོ་ཆེར་ཆོས་སྐྱོང་གི་རྗེས་གནང་ཕུལ་བའི་སྐབས། མར་མེ་དང་ཉི་མའི་འོད་ཕོག་པ་མེད་ཀྱང་གཏོར་བསྔོས་ཀྱི་གཏོར་མའི་རྒྱན་རྣམས་དོན་མེད་དུ་སྐད་ཅིག་ལ་ཞུ་བ་དང༌། ཡང་སྐབས་འགར་བཀའ་བསྒོའི་གཏོར་མ་ཕྱག་ཏུ་བཞེས་པ་དང་ལྷན་ཅིག་གཏོར་མ་གཞན་ཐམས་ཅད་ཀྱིས་མགོ་བོ་མདུན་དུ་གུག་བྱེད་པ་ཞིག་བྱུང་ཞིང༌། དེ་དག་ནི་ཆོས་སྐྱོང་རྣམས་ཇི་ལྟར་བསྒོས་པའི་བཀའ་ལས་མི་འདའ་བའི་ལྟས་ཡིན་པར་སེམས་ལ། ཁམས་སུ་རྗེས་མ་ཕེབས་སྐབས་ཞིག་སྡེ་དགེ་ལྷུན་གྲུབ་སྟེང་གི་ཤར་བླ་མ་མཁས་དབང་ཀུན་དགའ་དཔལ་ལྡན་པའི་མནལ་ལམ་དུ། རྗེ་འདི་ཉིད་སྒ་ལེན་སྟེང་གི་དགོན་པའི་ཕ་རི་དེ་ནས་ཆིབས་པ་བཟང་པོ་ཞིག་ལ་ཆིབས། དབུའི་སྟེང་དུ་གདུགས་སེར་པོ་ཤིན་ཏུ་ཆེ་བ་བཟུང་བ་མེད་པར་འཁོར། ཆིབས་ཡོབ་གཡས་གཡོན་དུ་གུར་གྱི་མགོན་པོ་ལྕམ་དྲལ་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་བ་དག་གིས་བརྟེན་ནས་ཕེབས་པར་མཐོང་བས། དེ་ཕྱིན་ཆད་རྗེ་འདི་ངེས་པར་རྡོ་རྗེ་འཆང་ཆེན་པོའི་ངོ་བོ་སྟེ། ས་བཅུའི་དབང་ཕྱུག་ཆོས་སྐྱོང་གི་རྣམ་པར་བཞེངས་པ་རྣམས་ཀྱིས་ཀྱང་ཞབས་འབྲིང་བའི་ཚུལ་དུ་མཛད་པར་གདོན་མི་ཟ་བའི་ཐུགས་དང་གཏིང་ནས་འཁྲུངས་པའི་ཚུལ་ཡང་ཡང་གསུངས་ཞེས་ཐོས་པ་དང༌། ཡང་རྗེ་འདི་ཨེ་ཝྃ་པའི་མཁན་པོ་ཞལ་འཛིན་གནང་བའི་སྐབས། ཡིད་སྲུབས་ཀྱིས་རྒྱུད་བསླད་པ་འགའ་ཞིག་གིས་ཐོ་བ་ཙམས་པར་བྱས་ཀྱང༌། རྗེ་འདིས་དེ་དག་ལ་མི་