[A:༣༡༡]དེ་ཙམ་དུ་ཟད་པ་དང༌། གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའི་ཚུལ་སྟོན་པར་བཞེད་དེ། དེའང་སྤྱིར་ལོ་སྔ་ཕྱི་ཀུན་ཏུ་སྐར་མ་དུ་བ་འཇུག་རིངས་ཀྱིས་མཚོན་པའི་ལྟས་ངན་ཅན་གྱི་སྐར་མ་མང་དུ་ཤར་བ་སོགས་མི་དགེ་བའི་མཚན་མ་ཡང་ཡང་བྱུང་སོང་བ། དེ་རྣམས་ནི་སྤྱིར་རྗེ་འདིའང་ཡུན་རིང་མི་བཞུགས་པའི་སྔ་ལྟས་དང༌། གཞན་ཡང་ཁམས་བོད་ཀུན་ཏུ་དུས་ཀྱི་འཁྲུགས་ལོངས་མི་བཟད་པ་བྱུང་བ་འདི་རྣམས་དང༌། དེ་ལ་བརྟེན་ནས་བསྟན་འཛིན་གྱི་སྐྱེས་བུའང་འགའ་ཞིག་ཞིང་གཞན་དུ་གཤེགས་པ་དང༌། ལ་ལ་བསྙུན་པའི་ཚུལ་བསྟན་པ་སོགས་མང་དུ་སྣང་བ་འདི་ཐམས་ཅད་ཀྱི་ལྟས་ཡིན་པར་སེམས་ལ། བྱེ་བྲག་རྗེ་འདི་དགུང་གྲངས་གྱ་དྲུག་ཏུ་ཕེབས་པ་ལྕགས་བྱ་ཧོར་ཟླ་དང་པོའི་ལོ་གསར་གྱི་དགའ་སྤྲོའི་ཉིན། རྗེ་རང་གི་ཐུགས་དམ་གྱི་རྟེན་འཇིགས་བྱེད་དང༌། ལས་གཤིན་བཅས་ཀྱི་སྐུ་སོ་སོར་ཆེ་ཆུང་གི་ཚད་ཁྲུ་གང་ཙམ་ཡོད་པ། སྐུ་རྒྱུ་རྫི་ཁྱིམ་དུ་གྲགས་པའི་ལུགས་སྐུ་ཤིན་ཏུ་ལྕི་བ་ཞིག་རྗེ་རང་གི་གཟིམ་ཆུང་གི་རྟེན་ཁྲིའི་ནང་ན་བཞུགས་ཡོད་པ་ལྷུང་དོན་མེད་ཅིང༌། ལྷུང་མི་ཤེས་པ་ལྟ་བུ་ཡོད་ཀྱང༌། རྒྱུ་རྐྱེན་ཅིའང་མེད་པར་དོན་མེད་དུ་རྟེན་ཁྲིའི་ནང་ནས་ཕྱི་རོལ་དུ་ལྷུང་སྟེ། མདུན་གྱི་མཆོད་པའི་ཡོ་བྱད་འགའ་ཞིག་ཀྱང་ཆག་གྲུམ་དུ་བཏང་བ་སོགས་བྱུང་བ་ནི་ངེས་པར་རྗེ་འདི་ཞིང་ཁམས་གཞན་དུ་གཤེགས་པའི་ལྟས་ཁོ་ན་ཡིན་པར་གོར་མ་ཆག་པར་མ་ཟད། དེ་ཉིན་སྡེ་དགེའི་བང་ཆེན་ཞིག་ཀྱང་འབྱོར་པས། རྗེ་རང་གི་ཞལ་ནས་སྡེ་དགེ་ཆོས་རྒྱལ་མཆོག་གི་བསྟན་སྲིད་ལ་ཉག་སྐེག་གིས་འཚེ་བ་འདྲ་འོང་བའི་ལྟས་མིན་ནམ་ཞེས་བཀའ་སྩལ་པའང་རྗེས་སུ་དེ་ཁོ་ན་ལྟར་གྱུར་པ་སོགས་མདོར་ན་ཡོན་མཆོད་གཉིས་ཆར་ལ་ངན་པའི་ལྟས་ཞིག་ཡིན་པར་གདོན་མི་ཟ་བ་དང༌། དེ་རྗེས་ལོ་དེའི་ས་ག་ཟླ་བའི་