[A:༣༡༢]ཚེས་ཉེར་བརྒྱད་ནས་བཟུང་སྟེ། ཐོག་མར་མགུལ་ཆམ་ཞིག་གིས་ཉེན་བསླངས་པ་ལྟ་བུས་སྐྱིགས་བུ་ཉིན་མཚན་བར་མ་ཆད་པར་མཛད་འདུག་ཅིང༌། དེ་དང་ལྷན་ཅིག་སྐུ་མཚལ་དང་ཆབ་ཆུ་བསྡོངས་ཏེ་ཤིན་ཏུ་སྐུ་ཁམས་བསྙེལ་བའི་ཚུལ་བསྟན་ཅིང༌། དེ་ལ་བརྟེན་ནས་སྨན་པ་རྣམས་ཀྱིས་ཀྱང་གསོལ་སྨན་སྒོ་གང་ཟབ་ནས་ཕུལ་བ་དང༌། ཞབས་བརྟན་ཀྱང་ཨེ་ཝྃ་པའི་གཙུག་ལག་ཁང་དུ་འདུས་ཚོགས་ཀྱིས་སྔ་ཕྱིར་ཚེ་ཆོག་ལན་གསུམ་ཙམ་དང༌། གཞན་ཡང་ཞབས་བརྟན་གྱི་རིགས་རྒྱ་གང་ཆེ་ལྟ་བུ་བསྒྲུབས་རུང༌། སྐུ་ཁམས་དྭངས་སྐྱེད་ཀྱི་ཚུལ་ཆེར་མི་བཞེས་པར་སྣང་བས་ད་ལན་ཇི་འདྲར་འགྱུར་སྙམ་པའི་ཐམས་ཅད་ཀྱི་བློ་བག་མི་ཕེབས་པ་ལྟ་བུར་གྱུར་རུང༌། ཧོར་ཟླ་ལྔ་པའི་གྲལ་ཚེས་བཅོ་ལྔའི་ཉིན་བདག་ཅག་དགེ་སློང་བཅོ་ལྔ་སྐོར་གྱིས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་ཆོ་ག་དང་འབྲེལ་བར་སྐུ་ཚེ་བརྟན་བཞུགས་ཀྱི་གསོལ་འདེབས་བགྱིས་པས། དེ་ཉིན་རྗེ་རང་ཡང་ཐུགས་དགྱེས་པའི་རྣམ་པ་མཛད་ཅིང༌། ཐམས་ཅད་ཀྱིས་མཐོང་སྣང་མཐུན་པར་སྐུའི་ཞལ་མདངས་དུས་རྒྱུན་བས་ལེགས་ཤིང་ཟིལ་ཆེ་བ་ལྟ་བུར་སྣང་བས། རེ་ཞིག་ཞབས་པད་བརྟན་པར་གསོལ་བ་ཐེབས་པ་འདྲ་སྙམ་པའི་ཐམས་ཅད་བློ་བདེ་བ་ལྟར་གྱུར་པར་མ་ཟད། དོན་ལའང་བདག་སོགས་གདུལ་བྱ་མགོན་མེད་པ་དང༌། སྐྱབས་མེད་པ་དང༌། དཔུང་གཉེན་མེད་པ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། རིམ་གྱིས་སྐུ་ཁམས་ཇེ་དྭངས་ཀྱི་ཚུལ་བཞེས་ཏེ་དགུང་གྲངས་གྱ་བདུན་དུ་ཕེབས་པ་ཆུ་ཁྱི་ཧོར་ཟླ་དང་པོའི་ནང་བར་སྤྱིར་སྐུ་ན་སྨིན་པའི་སྟོབས་ཀྱིས་སྐུ་གཟུགས་བབས་ལྕི་བ་དང༌། གསོལ་ཆས་ལ་དྭང་ག་ཆེར་མི་སྣང་བ་མ་གཏོགས་དེ་ལས་གཞན་པའི་སྙུན་གཞི་ཆེ་རིགས་ཅིའང་མེད་པར་ཞབས་པད་བརྟན་པར་བཞུགས་པ་ནི་ངེས་པར་སྐུ་ཚེ་བྱིན་གྱིས་བརླབས་པར་གོར་མ་ཆག་