R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༡༠
[A:༣༡༠]པའི་འཛུམ་ཞལ་བསྟན་པའི་མོད། །སྔོན་ནས་གོམས་པའི་ཉམས་རྟོགས་ཀྱི། །སྒོ་འཕར་མཐའ་དག་ཡངས་པོར་ཕྱེས། །ཁྱོད་ཀྱིས་བཞེད་པའི་ཕྲིན་ལས་ཀུན། །ཇི་ལྟའི་ཚུལ་གྱིས་བསྒྲུབ་བྱ་ཞེས། །བཀའ་ལུང་ནོད་ཕྱིར་ཆོས་སྲུང་དང༌། །ནོར་ལྷའི་ཚོགས་ཀུན་ལྷགས་སམ་སྙམ། །གང་ནས་བལྟས་ཀྱང་འོད་ཟེར་གྱིས། །མུན་སེལ་ནོར་བུ་རིན་ཆེན་བཞིན། །རྣམ་ཐར་གང་ལ་བརྟགས་བྱས་ཀྱང༌། །ལེགས་པ་ཉིད་ལས་གཞན་དུ་མིན། །ཀྱེ་མ་བསོད་ནམས་ཆུང་རྣམས་ཀྱིས། །སངས་རྒྱས་སེམས་ཅན་ཉིད་དུ་འཛིན། །ཆུ་ཡང་རྣག་ཁྲག་ཏུ་མཐོང་བའི། ཡི་དྭགས་རྣམས་དང་ཁྱད་པར་གང༌།། །།སྤྱི་དོན་བདུན་པ་ཐ་མར་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་བའི་ཆེད་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་གདུལ་བྱ་འདུལ་བའི་དུས་མཁྱེན་ཅིང་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་འདིས་ནི་སྐུ་ཚེ་རིངས་པོར་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པའི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་ཏེ། སྲས་ཀྱི་ཐུ་བོ་རྣམས་ནི་སྨིན་ཅིང་གྲོལ་ཏེ་མཐའ་ཀླས་པའི་འགྲོ་བ་ཡོངས་ཀྱི་འདྲེན་པ་དམ་པར་མངའ་གསོལ། འགའ་ཞིག་ནི་མ་འོངས་པ་ན་འགྲོ་བ་འདྲེན་པའི་ནུས་པ་དང་ལྡན་པར་མཛད། གཞན་ཡང་སྐུ་མཐོང་བ་དང༌། གསུང་ཐོས་པ་དང༌། མཚན་ཙམ་ཡིད་ལ་བྱེད་པ་དང༌། སྐུའི་གྲིབ་མ་ཕོག་པ་ཚུན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱང་ཕན་པ་དང་བདེ་བ་འབའ་ཞིག་ལ་འགོད་པར་མཛད་པ་སོགས་མདོར་ན་སྐུ་དངོས་ཀྱིས་གདུལ་བར་འོས་པ་རྣམས་ནི་ལེགས་པར་བཏུལ། ངེས་པའི་དོན་གྱི་བསྟན་པ་རིན་པོ་ཆེའང་དར་ཞིང་རྒྱས་པར་མཛད་དེ། ད་ནི་བདག་ཅག་སྐལ་བ་དམན་པ་རྣམས་ཀྱི་བསོད་ནམས་ཀྱི་བགོ་སྐལ་ནི་རེ་ཞིག་