[A:༣༢༣]མིན་པ་ཞིག་བཀའ་སྩལ་བྱུང་བ་ནི་གསུང་སྒྲོས་ཀྱི་ཐ་མ་ཡིན་ལ། དེ་ནས་བཟུང་གསུང་སྒྲོས་གཏན་ནས་མི་མཛད་པར་འདུག་ཅིང༌། དེའི་མཚན་མོ་དང༌། ཕྱི་ཉིན་ཚེས་བཅུ་དྲུག་བཅས་སུའང་སྐུ་གཟུགས་དྲང་པོར་བཞུགས་འདུག་པ་དང༌། དེ་ཉིན་ཨེ་ཝཾ་པའི་ལྷོ་པ་ཁང་ཚན་གྱི་གྲྭ་པ་ཞིག་ཕྱོགས་གཞན་ཞིག་ནས་ཚུར་འོངས་པའི་མཐོང་སྣང་དུ། དགོན་པ་འདི་སྤྲིན་ལྟ་བུའི་འོད་དཀར་པོ་ཞིག་གིས་གཏུམས་འདུག་པའི་འཇའ་སྣེ་ལྷོ་ནུབ་ངོས་སུ་སོང་བ་ཞིག་འདུག་ཟེར་བ་ཐོས་པ་དང༌། གཞན་ཡང་དེ་སྐབས་རྣམས་སུ་ཆུ་འདུས་སོགས་ཡུལ་ཕྱོགས་གཞན་དུའང་འཇའ་སྤྲིན་མཐའ་ཡས་པ་ངོར་གྱི་ཕྱོགས་སུ་འགྲོ་བར་སྣང་བས་ཕལ་ཆེར་གྱིས་ཅི་ཡིན་ནམ་ཟེར་ཞིང༌། རྒྱུས་ཡོད་འདྲས་རྗེ་འདི་ཞབས་པད་བརྟན་མིན་འདྲ་བྱུང་བ་མིན་ནམ་ཞེས་ཕན་ཚུན་གླེང་བ་བྱུང་ཞེས་གཟུར་གནས་འགའ་རེའི་ངག་ལས་རྗེས་སུ་ཐོས་ཤིང༌། བདག་ཅག་རྣམས་ནི་མྱ་ངན་གྱིས་ནོན་ཏེ་ཅི་བྱ་གཏོལ་མེད་དུ་གྱུར་རུང༌། རྗེ་རང་ལ་གསོལ་བ་འདེབས་པ་དང༌། ད་དུང་ཡང་སྐུ་རིམ་ཕྲན་ཕྲན་འདྲ་བསྒྲུབས་པ་ལས་གཞན་པའི་ཐབས་ཟད་པ་དང༌། དེའི་ཕྱི་ཉིན་ཚེས་བཅུ་བདུན་གྱི་སྔ་དྲོ་ཨེ་ཝཾ་པའི་གཙུག་ལག་ཁང་དུ་དགེ་འདུན་རྣམས་ཚོགས་པའི་ཚེ། རྒྱབ་རིའི་ངོས་སུ་འཇའ་ཁ་དོག་ལྔ་ལྡན་ཞིག་ཟུག་པ་གྲྭ་པ་གཅིག་གིས་མཐོང་འདུག་ཅེས་ཟེར་ལ། དེ་ནས་ཉི་མ་རྩེ་ཤར་ཙམ་ན། རྗེ་རང་གིས་ཕྱག་མཛུབ་ནམ་མཁའ་ལ་བསྟན་ཅིང༌། སྐུ་འཁོར་བ་རྣམས་ལ་འདིར་མ་སྡོད་ཅེས་པའི་བརྡ་ལྟ་བུ་མཛད་ཅིང༌། དེ་ནས་ཡུན་ཅུང་ཟད་ཅིག་ནས་རླུང་ཕྱིར་ལན་གསུམ་འབུད་པར་མཛད་པའི་རྗེས་སུ་ལྗགས་དབུགས་མི་སྣང་བས། བདག་གིས་ད་ནི་ཞི་བར་གཤེགས་པ་ལགས་པས་ཐུགས་དམ་རིགས་ལ་མི་ལྷོད་པར་ཞུ་ཞེས་ལན་གསུམ་ཙམ་ཞུས་པས། ཕྲན་བུའི་དབུ་གུག་ཙམ་ཞིག་མཛད། མདོར་ན་དགུང་གྲངས་གྱ་བདུན་དུ་ཕེབས་