R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༢༢
[A:༣༢༢]བཀའ་སྩལ་བྱུང་བ་ལྟར་གུས་ཕྲན་ནས་ཀྱང་དེ་བཞིན་དུ་བགྱིས་པ་དང༌། དེ་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་དཀར་གྱི་དྲིས་ལན་འཁྲུལ་སྣང་གཡའ་སེལ་ཞེས་སྡེ་དགེའི་སྤར་མ་པོད་གཉིས་ཡོད་པ་དེ་ཁྱེར་ཤོག་གསུངས་པ་ལྟར་ཕུལ་བས། དེའི་ནང་དུ་ཅིག་འཚོལ་བར་མཛད་ཀྱིན་འདུག་པ་ལ་བདག་གིས་བཙལ་ན་ཞུས་པར། འོ་ན་པོད་དང་པོ་དེའི་ལྡེབ་ཉིས་བརྒྱ་བཅུ་དྲུག་བཅུ་བདུན་སྐོར་ཞིག་ཏུ་ཡོད་སྙམ་པས་དེ་ལོངས་གསུངས་པ་ལྟར་བླངས་པས། དེ་ན་འབྱུང་བ་རགས་པ་ཐིམ་ཚུལ་དང༌། ཕྲ་བ་སྣང་མཆེད་ཐོབ་གསུམ་ལ་སོགས་པའི་བཤད་པ་འདྲ་འདུག་པས་དེ་ལ་ཞིབ་པར་གཟིགས་སོང་བ་དང༌། དེ་ནུབ་ཀྱང་སྐུ་ཁམས་སྐྱོན་མེད་ཙམ་དུ་སྣང་ཞིང༌། དེའི་ཕྱི་ཉིན་ཚེས་བཅོ་ལྔར་ཡང་སྐུ་ཁམས་དེ་མུས་སུ་མཆིས་པ་དང༌། དེ་རིང་ཚེས་བཅོ་ལྔ་ཡིན་པས་སངས་རྒྱས་ཀྱི་འཕེལ་གདུང་ཞིག་གསོལ་དགོས་ཚུལ་གསུངས་པ་ལྟར་ཕུལ་པས་ཐུགས་སྨོན་དང་བཅས་ཏེ་གསོལ་སོང་བ་དང༌། གཞན་ཡང་ཐོག་མར་སྐུ་བསྙུན་པའི་ཚུལ་བསྟན་པ་ནས་བཟུང་སྟེ་དུས་ཐམས་ཅད་དུ་ཐུགས་རིག་ཅུང་ཟད་རེ་འཐིབས་པར་གྱུར་པ་ན། དེ་འཕྲལ་རེས་འགའ་ཡི་དམ་ལ་གཏོར་མ་འབུལ་ཚུལ་དང༌། རེས་འགའ་མ་རྒྱུད་པའི་ལུགས་ཀྱི་ཚམ་རྔམས་སྔགས་ཀྱིས་བསྲུང་བའི་ཚུལ་ལ་སོགས་པའི་ཕྱག་རྒྱ་འདྲ་རྟག་ཏུ་མཛད་འདུག་པ་དང༌། བཅོ་ལྔའི་ནུབ་མོ་སྐུ་ཁམས་ཀྱང་ཇེ་ལྕིར་སོང་བ་དང༌། ད་ངེད་འདི་ལྟར་སྡོད་པ་ཡིན་གསུངས་ཤིང་ཞབས་སྐྱིལ་ཀྲུང་དང༌། སྐུ་གཟུགས་དྲང་པོར་བསྲངས་ཏེ་བཞུགས་སོང་བ་དང༌། གསོལ་ཆས་ཀྱི་རིགས་ལ་དྭང་ག་གཏན་ནས་མ་མཆིས་ནའང༌། བདག་ཅག་རྣམས་ཀྱི་བློས་མི་བཟོད་པ་ལྟ་བུའི་གསོལ་ཇ་དང་བཞེས་འཇམ་འདྲ་བཏེག་ཀྱང༌། ད་ངེད་ཏིང་ངེ་འཛིན་བསྒོམ་པ་ལ་བསམ་གཏན་གྱི་ཟས་བཟའ་བ་ཡིན་མོད། ཁ་ཟས་ཀྱིས་དགོས་པ་མེད་ལྟ་བུ་གསལ་པོར་རང་