R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༣༢
[A:༣༣༢]དབུར་མཁན་ཆེན་རྡོ་རྗེ་འཆང་རྣལ་འབྱོར་འཇམ་དཔལ་བཟང་པོ་ཕེབས་ཏེ་དགེ་ཚོགས་བྱང་ཆུབ་ཏུ་བསྔོ་བ་སོགས་ཆོ་ག་མཐའ་རྒྱས་སུ་མཛད་པ་དང༌། ཨེ་ཝཾ་པའི་གཙུག་ལག་ཁང་དུའང་ཉིན་རེ་བཞིན་བརྒྱ་མཆོད་རེ་དང་བཅས་ཏེ་དགེ་འདུན་གང་ཡོད་ཀྱིས་ཀུན་རིག་གི་ཆོ་ག་ཉིན་བདུན་དང༌། བླ་མཆོད་ཉིན་གཉིས་བཅས་ཚོགས་པའི་ཐོག་མར། ཉིན་བཞི་ལ་དགེ་སློང་རེ་ལ་ཉིན་རེ་བཞིན་ཕྱག་འགྱེད་དངུལ་ཊམ་ཕྱེད་རེ་ཕུལ་བ་དང༌། དེ་རྗེས་ཉིན་ལྔ་ལ་ཉིན་རེ་བཞིན་གྲྭ་པ་ཉི་ཤུ་ལ་ཕྱག་འགྱེད་ལྗོན་ཇ་བརྒྱད་པ་སྦག་རེ་ཕུལ་བ་དང༌། དེ་དག་གི་དགེ་རྩ་ཐམས་ཅད་བྱང་ཆུབ་སྙིང་པོར་བསྔོ་བའི་སླད་དུ་མཁན་རིན་པོ་ཆེ་ཁྲི་ཐོག་པ་ཚོགས་བསྔོ་ལན་གཉིས་གདན་ཞུས་ཀྱི་འབུལ་བར་ལྗོན་ཇ་འཁོར་དྲུག་གསུམ། གོས་ཆེན་བཅས་ཕུལ་བ་དང༌། དཔོན་སློབ་ལས་ཐོག་པར་ཡང་ཚོགས་བསྔོ་ཞུ་རྟེན་སྔ་ཕྱིར་ལན་གསུམ་ཙམ་ཕུལ་བ་དང༌། དེ་རྗེས་ས་ག་ཟླ་བའི་ནང་ཨེ་ཝཾ་པའི་གཙུག་ལག་ཁང་དུ་དགེ་འདུན་གང་ཡོད་ཀྱིས་ངོར་ལུགས་དཀྱིལ་འཁོར་ལྔའི་སྒྲུབ་མཆོད་ཚོགས་པའི་སྐབས་ཀྱང༌། འཕར་མ་ཉིན་གཅིག་གཙུགས་ཏེ། དེའང་རྟེན་གྱི་དྲུང་དུ་བརྒྱ་མཆོད་གཉིས་དང༌། དཀྱིལ་འཁོར་སོ་སོར་མཆོད་པ་དང༌། དགེ་འདུན་རྣམས་ལ་མང་ཇའི་བསྙེན་བཀུར་བ་སོགས་ཟབ་པ་དང༌། སྔ་ཚོགས་སུ་གྲྭ་པ་བཅུ་རེ་ལ་ཕྱག་འགྱེད་ལྗོན་ཇ་བརྒྱད་པ་སྦག་རེ་དང༌། ཕྱི་ཚོགས་སུ་གྲྭ་པ་རེ་ལ་ཕྱག་འགྱེད་དངུལ་ཊམ་རེ་དང༌། དར་གྱི་ཚབ་ར་བཅས་ཕུལ་བ་དང༌། དེ་ཉིན་མཁན་རིན་པོ་ཆེ་ཁྲི་ཐོག་པ་ཚོགས་ཀྱི་རྡོ་རྗེ་སློབ་དཔོན་དུ་ཕེབས་པའི་འབུལ་བ་དར་རས་གོས་ཆེན་མགོ་སྣམ་ལ་སོགས་པའི་ཚན་གྲངས་མང་པོ། ལྗོན་ཇ་འཁོར་དྲུག་གཉིས། ཤིང་ཐོག །འབྲས་དོས་སོགས་ཟབ་པར་ཕུལ་བ་དང༌། དཔོན་སློབ་དང༌། ཟུར་བཞི་སློབ་དཔོན་བཞི་དང༌། ཆོས་ཁྲིམས་སོགས་སུ་རྣམ་གཞག་གང་ཟབ་བཅས་ཕུལ་བ་དང༌། ཚུར་ཡང་སྔ་ཕྱིར་ཨེ་ཝཾ་པའི་བླ་བྲང་ཁག་རྣམས་དང༌། ཐར་རྩེ་རང་གི་གྲྭ་ཚང་དང༌། ལྟོས་རིགས་