[A:༣༣༣]རྣམས་ནས་གདུང་འབུལ་བྱུང་བ་ཐམས་ཅད་ཀྱང་གོང་འོག་གི་དགེ་ཚོགས་རྣམས་སུ་སྨིན་ངེས་ཞུས་པ་དང༌། གཞན་ཡང་བཀྲས་ལྷུན་དུ་པཎ་ཆེན་ཐམས་ཅད་མཁྱེན་པའི་མཆོག་སྤྲུལ་རིན་པོ་ཆེའི་མདུན་ལྗགས་བསྔོ་ཞུ་རྟེན་དང༌། ཆིབས་པ་སྒ་འབྱར་སྤུས་ལེགས་དང༌། ལྗོན་ཇ་འཁོར་དྲུག་གཉིས་དང༌། དངུལ་ཊམ་སྲང་བཅོ་ལྔ་བཅས་ཕུལ་བ་དང༌། དགོན་དེའི་ལྷ་ཁང་ཁག་ཐམས་ཅད་ལ་མཆོད་འབུལ་ཤིན་ཏུ་ཟབ་པ་དང༌། ཡོངས་འཛིན་རིན་པོ་ཆེ། སྔགས་ཆེན། ཟུར་བཞི་བཅས་ཀྱི་བླ་མ་སོ་སོར་ལྗགས་བསྔོ་ཞུ་མཚོན་གྱི་འབུལ་བ་དང༌། ཚོགས་ཆེན་ལ་མང་ཇ་དང༌། དེའི་ནང་གསེས་ཁྲོན་སྦུག་མི་ཚན་ལ་མང་ཇ་བཅས་ཟབ་པ་དང༌། ཁྱད་པར་བོད་ཀྱི་རྡོ་རྗེ་གདན་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་བཀྲ་ཤིས་རིན་ཆེན་གྱི་སྤྱན་སྔར་ལྗགས་བསྔོ་ཞུ་མཚོན་གྱི་འབུལ་བར། དར་གོས་ཆེན་ལ་སོགས་པའི་ཚན་གྲངས། གསེར་ཟངས་ལས་གྲུབ་པའི་སངས་རྒྱས་མར་མེ་མཛད། རྡོ་དྲིལ། དངུལ་གྱི་བུམ་པ་ཁ་རྒྱན་བཅས་པ། དངུལ་ཊམ་སྲང་བཅོ་ལྔ། ལྗོན་ཇ་འཁོར་གཉིས་བཅས་དང༌། འཇམ་མགོན་དངོས་གྲུབ་དཔལ་འབར། ངག་དབང་རྡོ་རྗེ་རིན་ཆེན། གདུང་སྲས་ཀུན་དགའ་བསོད་ནམས་བཅས་སོ་སོའི་མདུན་དུ་གསེར་ཟངས་ལས་གྲུབ་པའི་སྐུ་འདྲ་རེ་དང༌། རྡོ་དྲིལ། སིལ་སྙན། དངུལ་ཊམ་སྲང་ལྔ་རེ། ཇ་བརྒྱད་པ་འཁོར་དྲུག་རེ་རེ་བཅས་ཕུལ་བ་དང༌། གདུང་སྲས་སྐུ་ཆུང་བ་གཉིས་སོ་སོར་རྡོ་དྲིལ། བཟང་ཇ་སྤག་གཉིས་རེ། དངུལ་ཊམ་སྲང་གསུམ་རེ་བཅས་ཕུལ་བ་དང༌། རྗེ་བཙུན་མ་བགྲེས་གཞོན་ཡོད་དོ་ཅོག་དང༌། ལྷ་ཁང་མཁན་རིན་པོ་ཆེ་བཅས་སུ་བསྔོ་ཞུས་ཀྱི་འབུལ་བ་དང༌། ཆོས་གྲྭ་ཆེན་པོ་དེར་བཞུགས་པའི་རྟེན་གསུམ་ངོ་མཚར་ཅན་སོ་སོའི་མདུན་དུ་བརྒྱ་མཆོད་དང༌། མགོན་ཁང་ཁག་རྣམས་སུ་ས་ལམ་གྱི་བར་ཆད་ཞི་ཞིང་ཐུགས་བཞེད་ལྷུན་གྱིས་གྲུབ་པའི་ཕྱིར་ཆོས་སྲུང་རྣམས་ལ་སྐོང་ཕྲིན་དང༌། དགེ་འདུན་འདུས་པ་རྒྱ་