R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༣༣༤
[A:༣༣༤]མཚོར་མང་ཇའི་བསྙེན་བཀུར་བཅས་བསྒྲུབས་པ་དང༌། ཞྭ་ལུ་རི་སྦུག་མཆོག་སྤྲུལ་རྡོ་རྗེ་འཆང་ཆེན་པོའི་སྤྱན་སྔར་ལྗགས་བསྔོ་ཞུ་མཚོན་དངུལ་ཊམ་སྲང་ལྔ་དང༌། ལྗོན་ཇ་འཁོར་དྲུག་གཅིག་བཅས་དང༌། ཞྭ་ལུ་རི་མཐིལ་གྱི་སློབ་དཔོན་རྣམས་སུ་བསྔོ་ཞུས་དང༌། དགོན་པར་མང་ཇའི་བསྙེན་བཀུར། གཞན་ཡང་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་དང༌། དེའི་ནང་གསེས་གུར་པ་གྲ་ཚང་པ། ཉང་སྟོང་སྐྱིད་སྦུག་གི་སྒྲུབ་སྡེ། ཐེག་མཆོག་གླིང༌། དགའ་བ་གདོང༌། སྣར་ཐང༌། བྱང་ཆེན་སྒྲུབ་སྟེ། གངས་ཅན་ཆོས་སྡེ། གནས་ཆོས་སྡེ། ཁྲོ་ཕུ། གནས་ཕུར་མོ་ཆོས་རྫོང་གི་སྒྲུབ་སྡེ་ཁག །ལྷུན་པོ་རྩེ། རབ་བརྟན་ཆོས་ལུང་གི་སྒྲུབ་སྟེ། བྱང་ཆུབ་གླིང་གི་སྒྲུབ་སྡེ་སྟོད་སྨད། འདར་ཆོས་འཁོར་ཡང་རྩེ། རྒྱང་འབུམ་མོ་ཆེ། ལྷ་རྩེ་ཆོས་སྡེ། རྟག་བརྟན་ཕུན་ཚོགས་གླིང༌། རི་ཁྲོད་ཇོ་ནང༌། སྙིང་རིའི་སྒྲུབ་སྡེ་ཁག །རྟ་ནག་ཐུབ་བསྟན། བཞད་ཐུབ་བསྟན་ཡངས་པ་ཅན། རྟ་ནག་སྒྲོལ་མ་ཕུག །ཤངས་རྒྱ་ཚོ་ཆོས་སྡེ། དབེན་དགོན་རི་ཁྲོད། སྲད་བརྒྱུད་པ། སྲད་དགོན་ཁྲ། སྲད་མཁར་ཆེན་གྱི་སྒྲུབ་སྟེ། སྲད་ཆོས་འཁོར་གླིང་རྣམས་ཀྱི་རྟེན་གསུམ་རྣམས་ལ་མཆོད་འབུལ་དང༌། བླ་མ་མཚན་སྙན་ཆེ་བ་ཕལ་ཆེ་བར་བསྔོ་ཞུས་དང༌། དགོན་པ་རྣམས་ལ་མང་ཇའི་བསྙེན་བཀུར་བ་བཅས་བསྒྲུབས་ཤིང༌། དེ་དག་གི་དུས་ཀྱི་ཚེའང༌། ཐོག་མར་བདུན་ཕྲག་གཉིས་ཙམ་གྱི་བར་ལ་ཉིན་རེ་བཞིན་མེ་ཏོག་གི་དབྱིབས་ལྟ་བུ་ཡོད་པའི་གངས་ཟིམ་བུ་ཅུང་ཟད་རེ་བབས་པ་དང༌། ཁྱད་པར་བདུན་ཚིགས་རེ་རེ་རྫོགས་མཚམས་ཀྱི་དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གཤེགས་གསོལ་གྱི་ཉིན་སྔ་ཕྱི་ཐམས་ཅད་དུ་ཉི་གུར་ཕུབ་ཅིང་ཁ་དོག་ལྔ་ལྡན་གྱི་འཇའ་ཤར་བ་དང༌། བདུན་ཚིགས་གཉིས་པའི་ཀྱེ་རྡོ་རྗེའི་དཀྱིལ་འཁོར་གཤེགས་གསོལ་ཚར་རྗེས་བདག་ཅག་འགའ་ཞིག་གིས་སྐུ་གདུང་རིན་པོ་ཆེའི་མདུན་ལམ་ཟབ་བླ་མ་མཆོད་པའི་སྒོ་ནས་དབང་བཞི་བླང་བ་སོགས་བགྱིས་པའི་ཚེའང་གློ་བུར་དུ་ཁ་དོག་ལྔ་ལྡན་གྱི་འཇའ་སྤྲིན་འདྲ་ཤར་སོང་ཞེས་ཕྱི་རོལ་ན་ཡོད་