R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༦༦
[A:༡༦༦]གྱིས་ཇེ་གསལ་དུ་སོང་ནས། མཐར་ཐུག་སྤང་བྱ་ལས་གྲོལ་ཞིང་ཆོས་དང་ཆོས་ཅན་གྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པའི་སོ་སོ་རང་གིས་རིག་པའི་ཡེ་ཤེས་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་རྟོགས་པ་ལ་སངས་རྒྱས་སུ་འཇོག་པའི་ཕྱིར་རོ། །དེར་མ་ཟད་ད་ལྟར་གྱི་གནས་སྐབས་སུའང་ཐོས་པ་ལ་མ་བརྟེན་པར་བསམ་པ་མི་འབྱུང་ཞིང༌། དེ་གཉིས་མེད་པར་སྒོམ་པས་ཉམས་སུ་ལེན་མི་ཤེས་པ་ཡིན་ནོ། །ཁྱད་པར་གསང་སྔགས་ཀྱི་དབང་བསྐུར་བ་རྣམས་ནི་ཐོབ་པ་ཙམ་གྱིས་བསྐལ་པ་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་སྒྲིབ་མང་པོ་འདག་ནུས་པས་འདི་ལ་ནན་ཏན་དུ་བྱ་དགོས་པ་ཡིན་ནོ་ཞེས་ཤེས་པའི་ཆེད་དུ་རང་ཉིད་ཀྱང་དེའི་རྗེས་སུ་སློབ་པར་བཞེད་ནས། ཐོག་མར་བསྟན་པའི་སྣང་བྱེད་དམ་པ་འདམ་ཐོག་ཆོས་རྗེ་བླ་མ་རིན་ཆེན་གྲགས་པ་ལས། ཇོ་བོ་ནས་བརྒྱུད་པའི་མན་ངག་ཕྲ་མོ་རྣམས་སྣར་ཐང་གི་མཁན་ཆེན་མཆིམས་ནམ་མཁའ་གྲགས་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའི་མངོན་རྟོགས་བརྒྱ་རྩར་གྲགས་པ་ལས་བྱུང་བའི་རྗེས་གནང་སུམ་ཅུ་སོ་བཞི་དང༌། དེའི་ཡིག་ཆ་ཞུ་ཆེན་གྱིས་མཛད་པའི་ལུང༌། རྣལ་འབྱོར་གྱི་རྒྱུད་ངན་སོང་སྦྱོང་བའི་བརྟག་པ་ལས་གསུངས་པའི་ཕྱག་རྡོར་འཆི་བདག་འཇོམས་པ་ལྷ་བཅུ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་བཅས་དང༌། མཁས་གྲུབ་རྒྱ་མཚོའི་གཙུག་རྒྱན་མཁན་ཆེན་ངག་དབང་དམ་ཆོས་ལས། ཀྱེ་རྡོར་མན་ངག་ལུགས་ཀྱི་དབང་དང༌། གསེར་ཆོས་འཇམ་དཔལ་ནག་པོའི་རྗེས་སུ་གནང་བ་བཅས་དང༌། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་སྤང་ཤར་བླ་མ་ངག་དབང་དཔལ་བཟང་ལས། གྲྭ་མངོན་ལུགས་ཀྱི་ཛཾ་དམར་གྱི་ལས་ཚོགས་ཨ་རཱ་གས་མཛད་པ་དང༌། དེས་མཛད་པའི་མི་འགྱུར་རྡོ་རྗེའི་གཏེར་ཀ་ནས་བྱུང་བའི་ཛཾ་ལྷ་ཉེར་གཅིག་གི་གཡང་སྐྱབས་ལ་སོགས་པའི་ལུང་བཅས་གསན། རྗེ་འདི་དགུང་ལོ་བཅོ་བརྒྱད་དུ་སོན་པའི་ལོ་མཇུག་དེར། ཁུ་བོ་མཁན་ཆེན་མཆོག་གིས་ཨེ་ཝཾ་བླ་བྲང་གཞུང་གི་མཁན་