[A:༡༦༧]ས་བླ་བྲང་ཕུན་ཚོགས་ཁང་སར་ལ་རྩིས་གནང་ནས། རྗེ་འདི་དགུང་ལོ་བཅུ་དགུར་སོན་པ་ཤིང་སྟག་ལོར་ཁུ་བོ་མཁན་ཆེན་དམ་པ་མདོ་ཁམས་སུ་བསྟན་འགྲོའི་དོན་ལ་ཆིབས་བསྐྱོད་བསྐྱངས་པར་བརྟེན། དེ་སྐོར་གྱི་ཐུགས་བྲེལ་རྣམས་བཅད་དེ་རིམ་གྱིས་ཕྱག་དཔེའི་སྐོར་ལ་གཟིགས་རྟོག་རྒྱ་ཆེར་བསྐྱངས། དེ་སྐབས་གོང་དུ་བྱམས་པ་ནམ་མཁའ་འཆི་མེད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་ཨེ་ཝཾ་པའི་མཁན་ས་བླ་ཁག་རྣམས་རེས་བསྐོར་གྱིས་མཛད་པས། རྗེ་འདི་དགུང་གྲངས་ཉེར་གཅིག་ཏུ་སོན་པ་མེ་ཕོ་འབྲུག་གི་ལོར་ཨེ་ཝྃ་བླ་བྲང་གཞུང་ཕན་ཁང་ནས་རྩིས་བཞེས་ཏེ། བཀའ་ཆོས་རྣམས་མདོ་སྔགས་སྨྲ་བའི་ཁྱུ་མཆོག་ངག་དབང་བསྟན་པ་རིན་ཆེན་པས་སྩལ་བ་རྣམས་རྗེ་འདིས་གསན་པར་མཛད་དེ། དེའང་སྒྲུབ་ཐབས་བརྒྱ་རྩ་ནས་བྱུང་བའི་ལོ་གྱོན་མའི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས། མཁས་པའི་དབང་པོ་ངག་དབང་བརྟན་པའི་རྡོ་རྗེའི་ཡིག་སྟེང་ནས། འཕགས་ཡུལ་གྱི་གྲུབ་པའི་འཁོར་ལོས་སྒྱུར་བ་འཇིགས་བྲལ་བི་རཱུ་པའི་ཐུགས་བཅུད་གསུང་ངག་རིན་པོ་ཆེ་ལམ་འབྲས་ཚོགས་བཤད་དུ་གྲགས་པའི་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་དང༌། དེའི་སྐབས་ཀྱི་སྔ་ཆོས་སུ་ཨེ་ཝྃ་པའི་ཆོས་སྤྱོད་དུམ་བུ་གསུམ་ཁ་སྐོང་དང་བཅས་པའི་ལུང༌། དེ་རྗེས་བརྒྱུད་པའི་ཁྱད་པར་གཉིས་ལྡན་གྱི་སེམས་བསྐྱེད། དེ་ནས་སློབ་མ་རྗེས་འཛིན་སོགས་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་སྒོ་ནས་དཔལ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོར་བཅུག་སྟེ་དབང་བཞི་རྫོགས་པར་བསྐུར་བ་དང༌། དེ་ནས་ལམ་གྱི་དངོས་གཞི་རྒྱུད་གསུམ་གྱི་ཁྲིད་ལ། ཐོག་མར་ལྟ་བས་སྤྲོས་པ་གཅོད་པའི་ཕྱིར་ཀུན་གཞི་རྒྱུ་རྒྱུད་ལ་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་བསྒོམ་པ། བར་དུ་ལམ་གྱི་ཉམས་བསྐྱེད་པའི་ཕྱིར་ལུས་ཐབས་རྒྱུད་ལ་དབང་བཞི་དང་རྗེས་སུ་འབྲེལ་བའི་ལམ་གྱི་ནང་