[A:༡༦༥]ལས་སྡོམ་གསུམ་དང་འགལ་བའི། །ཉེས་བྱས་ཕྲ་མོའང་འབྱུང་མི་སྲིད། །ཨེ་མ་བསྙེན་པར་རྫོགས་པ་ཡི། །ནོར་བུའི་ཁྲི་འཕང་ལ་འཁོད་པའི། །གྲགས་པའི་གདུགས་དཀར་གཡོ་བ་དེས། །སྲིད་པའི་རྩེ་མོའི་བར་དུ་ཁྱབ།། །།སྤྱི་དོན་གསུམ་པ་ཞུགས་པའི་རྟེན་དེས་ཐོས་བསམ་སྒོམ་གསུམ་ཇི་ལྟར་མཛད་པའི་ཚུལ་ནི། བདག་གི་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་མཛད་པའི་རྗེ་འདིའི་རྣམ་ཐར་གསོལ་འདེབས་བྱིན་རླབས་བདུད་རྩིའི་སྤྲིན་མཛེས་ལས། གཞན་ཡང་རིས་མེད་དགེ་བའི་བཤེས་གཉེན་མཆོག །ཉི་ཤུ་རྩ་བཞི་གུས་པས་ཉེར་བསྟེན་ནས། །མང་དུ་ཐོས་དང་བསམ་པའི་ཤེས་རབ་ཀྱིས། །མཁས་རྣམས་དགྱེས་པ་བསྐྱེད་དེར་གསོལ་བ་འདེབས། །དམ་པས་བྱིན་རླབས་དབེན་པའི་སྒྲུབ་གནས་སུ། །ཐུན་མོང་ལམ་གྱི་རིམ་པས་རྒྱུད་སྦྱངས་ནས། །བསྐྱེད་རྫོགས་རྣལ་འབྱོར་ཟབ་མོས་ལྷན་སྐྱེས་ཀྱི། །ཡེ་ཤེས་རྒྱས་པར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར་རྒྱལ་བའི་བསྟན་པ་ལ་ཞུགས་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི། རྒྱལ་བའི་སྲས་པོ་མ་ཕམ་པས་མདོ་སྡེའི་རྒྱན་ལས། འདི་ན་དང་པོར་ཐོས་པ་ལ་བརྟེན་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང༌། ཚུལ་བཞིན་ཡིད་ལ་བྱེད་པ་ལ་ཡང་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང༌། ཞེས་གསུངས་པ་ལྟར་ཚོགས་ལམ་གྱི་སྐབས་སུ་གཞུང་ལུགས་རྣམས་ལ་ཐོས་བསམ་སྒོམ་གསུམ་བྱས་པ་ལ་བརྟེན་ནས། དེ་ཉིད་གོམས་པའི་ཚུལ་གྱིས་བསམ་བྱུང་དང་འཇིག་རྟེན་པའི་བསྒོམས་བྱུང་གི་ཤེས་རབ་སྦྱོར་ལམ་ངེས་འབྱེད་ཆ་མཐུན་བཞི་ལ་རིམ་གྱིས་འབྱུང་ཞིང༌། དེ་ལ་བརྟེན་ནས་མཐོང་ལམ་ས་དང་པོའི་རྟོགས་པ་མངོན་དུ་གྱུར་པའི་ཚེ། ཡང་དག་པའི་ཡེ་ཤེས་ཀྱི་ཆ་ཤས་ཚེས་གཅིག་ཟླ་བ་ལྟ་བུ་མཐོང་བར་འགྱུར་ལ། དེ་ཉིད་སྒོམ་ལམ་གྱི་གནས་སྐབས་རྣམས་སུ་རིམ་