R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༧༣
[A:༡༧༣]སྡེ་དགེའི་ཕྱོགས་ནས་ཡར་ཕེབས་ཏེ། ཨེ་ཝྃ་པ་སྤྱི་དང་བྱེ་བྲག་རྗེ་འདི་སྐུ་མཆེད་ནས་སྔ་ཕྱིར་ཕེབས་བསུའི་རིགས་མང་པོ་དང༌། དགོན་པའི་སེར་སྦྲེང་གི་ཚོགས་དང་བཅས་པས་སྤྱན་དྲངས་ཏེ་ཨེ་ཝྃ་དུ་ཕེབས། གོང་དུ་རྗེ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་གྱི་ལྷ་དང་བླ་མའི་ཚོགས་ལ་མཆོད་འབུལ་དང༌། དགེ་འདུན་ལ་བསྙེན་བཀུར་སོགས་རྒྱ་ཆེ་བར་མཛད། དེ་སྐོར་གྱི་ཐུགས་བྲེལ་ཆོད་བསྟུན་ཁུ་བོ་མཁན་ཆེན་མཆོག་དང་རྗེ་འདི་ལྷན་རྒྱས་ནས་ཐར་རྩེ་རང་གི་ལྷ་ཁང་ཁག་ཐམས་ཅད་ལ་རབ་གནས་རྒྱས་པར་མཛད། དགུང་གྲངས་སོ་གཅིག་པ་མེ་སྟག་ཧོར་ཟླ་བདུན་པའི་ནང་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་མང་མཁར་ཆུ་ཚན་དུ་ཆིབས་བསྐྱོད་བསྐྱངས། རྗེ་འདིས་དེ་བར་ལ་འཇམ་དཀར་མ་ཏི་ལུགས་ཀྱི་སྐུ་མཚམས་ཟླ་བ་གཅིག་བཞུགས། དེ་ནས་ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཡར་ཚེས་ནས་བཟུང་སྟེ་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དྲུང་ནས་དབང་ལུང་ཕལ་ཆེ་བ་བུམ་པ་གང་བྱོའི་ཚུལ་དུ་རྗེ་འདི་སྐུ་མཆེད་གཉིས་ཆར་གྱིས་གསན་པར་མཛད་ཅེས་ཐོས་སོ། །དེའང་མདོ་སྔགས་གཉིས་ཀྱི་ནང་ནས་ཆེས་མཆོག་ཏུ་གྱུར་པ་གསང་སྔགས་རྡོ་རྗེ་ཐེག་པ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམ་པ་བཞིར་བཞུགས་པའི་ནང་ནས། དང་པོ་བྱ་རྒྱུད་ཀྱི་སྐོར་ལ། དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་སྨན་བླ་མཆེད་བདུན་གྱི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་ཐར་པཎ་གྱིས་མཛད་པའི་ལུང༌། སངས་རྒྱས་ཀླུ་དབང་རྒྱལ་པོ་ལྷ་ལྔའི་རྗེས་སུ་གནང་བ་དང༌། དེའི་སྒྲུབ་སྐོར་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ། སྒྲུབ་ཐབས་བཅོམ་ལྡན་རལ་གྲིས་མཛད་པ། བསྟོད་པ་རོང་སྟོན་གྱིས་མཛད་པ། སྒྲུབ་རྗེས་ངག་དབང་མཆོག་ལེགས་རྡོ་རྗེས་མཛད་པ། ཆར་འབེབས་དཔལ་ལྡན་ཆོས་སྐྱོང་གིས་མཛད་པ་རྣམས་ཀྱི་ལུང༌། ཇོ་བོ་རྗེ་ནས་བརྒྱུད་པའི་ཐུབ་པ་གནས་བརྟན་བཅུ་དྲུག་གི་རྗེས་སུ་གནང་བ་དང༌། དེའི་ཡིག་ཆ་སྔགས་འཆང་ཀུན་དགའ་རིན་ཆེན་གྱིས་