[A:༡༧༣]གཉིས་ཉིན་གངས་ལྗོངས་བསོད་ནམས་ཀྱིས་མ་ཟིན་པར་མཁན་རིན་པོ་ཆེ་ངག་དབང་དམ་ཆོས་པ་གང་ཉིད་གློ་བུར་དུ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས། དེ་ལ་བརྟེན་ནས་ཨེ་ཝྃ་པའི་བླ་ཁག་ཁང་ཚན་དང་བཅས་པ་ཐམས་ཅད་ཀྱིས་དཔོན་སློབ་རིན་པོ་ཆེ་བྱམས་པ་བསོད་ནམས་དཔལ་འབྱོར་མཁན་པོར་མངའ་གསོལ། རྗེ་འདིས་དེ་སྐབས་ཀུན་ཏུ་སྤྱིར་ཐར་རྩེ་རང་ཡང་བླ་བྲང་ཤིན་ཏུ་ཉག་ཕྲ་བའི་འོ་བརྒྱལ་གང་ཆེ་ལ་བརྟེན་ནས་དེའི་ཐུགས་འགན་གྱི་ཁུར་ཡང་ལྷུར་བཞེས་མཛད་དགོས་པ་ཡིན་མོད། འོན་ཀྱང་གཙོ་བོར་ཡང་ན་ཕྱག་དཔེའི་གཟིགས་རྟོག །ཡང་ན་དེ་དག་གི་དོན་ལ་བསམ་བྱུང་གི་རིག་པས་དཔྱད་པ། ཡང་ན་ཐོས་བསམ་གྱིས་སྒྲོ་འདོགས་ཆོད་པའི་དོན་རྣམས་སྒོམ་པས་ཉམས་སུ་བཞེས་པ། དེར་མ་ཟད་བཤད་མ་ཐག་པ་ལྟར་གྱི་སྐུ་མཚམས་སོགས་བཞུགས་པ། སྐུ་མཚམས་མ་བཞུགས་ཀྱང་ལམ་དུས་ཀྱི་དབང་གི་ཆུ་བོ་མ་ནུབ་པས་གཙོ་བྱས་པའི་དཔལ་ལྡན་ས་སྐྱ་པའི་ཆག་མེད་རྣམ་པ་བཞི་དང༌། གོང་དུ་ཡི་དམ་ལྷའི་ལྗགས་བསྙེན་སོང་རིགས་ཀྱི་བདག་བསྐྱེད་བཟླས་པ་དང་བཅས་པ། ཡི་དམ་དང་ཆོས་སྲུང་ནོར་ལྷའི་རིགས་མང་པོ་ལ་གཏོར་མ་འབུལ་བ་སོགས་མདོར་ན་ཆོས་བརྒྱད་ཀྱིས་བྲན་བཞིན་དུ་བཀོལ་བའི་མཚམས་པར་མིང་བཏགས་པ་ཕལ་མོ་ཆེས་འགྲན་དུ་མི་བཟོད་པའི་ཐུགས་དམ་ཁོ་ན་ལ་བཞུགས་པ་སོགས་ཆོས་མཐུན་གྱི་བྱ་བ་འབའ་ཞིག་ལས་དུས་སྐད་ཅིག་ཀྱང་གཡེལ་བ་མི་མངའ། གཞན་ཡང་གདུལ་བྱ་སོ་སོའི་བསམ་པ་དང་མཐུན་པར་རྗེ་རང་གིས་གང་གསན་པའི་ཆོས་ཐམས་ཅད་ཀྱང་ལན་གྲངས་མང་པོའི་བར་དུ་སྩལ་ཞིང༌། དེ་དག་ཀྱང་ལས་སླ་དང་རྩིང་སྤྱོད་དུ་མ་སོང་བར་ཕྱག་ལེན་ཕྲོ་མོ་ཚུན་ཆད་ཀྱང་མ་འདྲེས་པར་མཛད་དོ། །དེ་ནས་རྗེ་འདི་དགུང་ལོ་སུམ་ཅུ་པ་ཤིང་གླང་ཧོར་ཟླ་དགུ་པའི་ནང་ཁུ་བོ་མཁན་ཆེན་དམ་པའང་མདོ་ཁམས་