R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༩༢
[A:༡༩༢]གཏམ་དང་བསྔོ་བ། དེ་ལ་དགོས་པའི་ཚིགས་བཅད་སངས་ཕུན་པས་བསྒྲིགས་པ། བར་དོ་ངོ་སྤྲོད་ཤར་ཁང་པས་མཛད་པ། འོད་དཔག་མེད་ལ་བརྟེན་པའི་འཕོ་བ་དཀོན་མཆོག་དཔལ་ལྡན་པས་མཛད་པ། བུམ་གཏེར་གྱི་ལག་ལེན་དཀོན་མཆོག་ལྷུན་གྲུབ་པས་མཛད་པ། དེའི་ཟུར་འདེབས་སངས་ཕུན་པས་མཛད་པ། འཇམ་མགོན་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་དམ་ཚིག་རྡོ་རྗེའི་སྒོམ་བཟླས་དང༌། བཀའ་བསྒོ་བྱ་ཚུལ་ཐུན་མོང་དང་ཐུན་མོང་མ་ཡིན་པ། བརྒྱ་བཞིའི་ཆོ་ག་རྣམས་དང༌། སློབ་དཔོན་པདྨས་མཛད་པར་གྲགས་པའི་གསེར་སྐྱེམས་དང༌། བདག་ཆེན་རྒྱ་གར་བས་མཛད་པའི་བསང་གཞུང་སོགས་བསང་ཡིག་གི་སྐོར་དང་བཅས་པའི་ལུང་རྣམས་གསན་ཅིང༌། དེ་ཐམས་ཅད་ཀྱི་ཕྱག་ལེན་ཕྲ་མོ་ཚུན་ཆད་ཀྱང་ཤིན་ཏུ་མཐར་ཕྱིན་པར་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །གཞན་ཡང་ཕྱིས་སུ་མདོ་ཁམས་སྨད་ཕྱོགས་སུ་འགྲོ་དོན་ལ་ཕེབས་པའི་ཚེའང་དེར་བཞུགས་པའི་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེ་རགས་འགའ་ཞིག་བསྟེན་ཅིང་ཆོས་ཀྱི་བདུད་རྩི་བཞེས་པར་མཛད་ལ། དེར་མ་ཟད་མང་དུ་ཐོས་པ་ལ་ངོམས་པ་མེད་པའི་བདག་ཉིད་ཆེན་པོ་འདི་ཕྱིས་སྐུ་ན་མཐོན་པོར་ཕེབས་པའི་ཚེའང༌། འགྲན་ཟླ་དང་བྲལ་བའི་མཁས་པ་འགའ་ཞིག་ལས་ཆོས་ཀྱི་བདུད་རྩི་བཞེས་པར་མཛད་དེ། དེ་དག་ཀྱང་སྡེ་ཚན་གཅིག་པའི་ཕྱིར་འདིར་ཕྱོགས་གཅིག་ཏུ་བརྗོད་ན། དེའང་བདག་གི་དཔལ་ལྡན་བླ་མ་དམ་པ་འདིས་དཔལ་ཨེ་ཝྃ་ཆོས་ལྡན་གྱི་ཆོས་ཀྱི་རྒྱལ་སྲིད་སྐྱོང་ཞིང་མཁན་པོ་མཛད་པའི་སྐབས། སྡེ་དགེ་ཆོས་རྒྱལ་ཆེན་པོ་བོད་དུ་ཕེབས་པའི་ཚེ། དེའི་དབུའི་མཆོད་གནས་པ་ཆེན་པོ་མཁས་གྲུབ་ངག་དབང་ཆོས་འབྱོར་གྱི་དྲུང་ནས། གུར་མགོན་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་རྗེས་སུ་གནང་བ་དང༌། དཔལ་མགོན་ཞལ་བསྙེན་དུས་དང༌། སྒྲུབ་དུས་ཐུན་མོང་དང༌། ཐུན་