R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༩༦
[A:༡༩༦]རྗེ་འཆང་གིས་བསྒྲིགས་པའི་སྙན་བརྒྱུད་དང་རྗེས་སུ་འབྲེལ་བའི་ཡང་སྐོང་གླེགས་བམ། ཚར་ཆེན་ཆོས་ཀྱི་རྒྱལ་པོས་བསྒྲིགས་པའི་འདོད་ཁམས་དབང་ཕྱུག་དུད་སོལ་མའི་གླེགས་བམ་རྣམས་ཀྱི་ལུང་ལག་ལེན་དང་བཅས་པ་དང༌། འཕགས་པ་འཇིག་རྟེན་དབང་ཕྱུག་གི་རྣམ་འཕྲུལ་རྒྱལ་སྲས་ཐོགས་མེད་བཟང་པོ་དཔལ་གྱི་བཀའ་འབུམ་ཐོར་བུའི་སྐོར་པུསྟ་ཀ་གཅིག་དང༌། མུས་ཆེན་འཁོར་ལོ་སྡོམ་པ་དཀོན་མཆོག་རྒྱལ་མཚན་གྱི་བཀའ་འབུམ་པུསྟ་ཀ་གཅིག་དང༌། ཀུན་མཁྱེན་སྨྲ་བའི་ཉི་མ་བསོད་ནམས་སེང་གེས་མཛད་པའི་ཟབ་མོ་སྔགས་ཕྱོགས་ཀྱི་སྐོར་གྱི་བཀའ་འབུམ་པུསྟ་ཀ་བཞི་དང༌། ཨེ་ཝྃ་བསྟན་པའི་སྣང་བྱེད་མཁས་གྲུབ་དཔལ་ལྡན་དོན་གྲུབ་ཀྱི་བཀའ་འབུམ་པུསྟ་ཀ་གཅིག་དང་བཅས་པའི་ལུང་རྣམས་གསན་ཞིང་ལེགས་པར་ཁོང་དུ་ཆུད་པར་མཛད་དོ། །ཡང་སྡེ་དགེའི་དབུ་བླ་གྲུབ་པའི་དབང་ཕྱུག་ཆེན་པོ་ངག་དབང་རིན་ཆེན་གྱི་དྲུང་ནས། ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས་སྔོན་དུ་འགྲོ་བའི་སྒོ་ནས་སྔོན་འགྲོ་ཐུན་མོང་དང་ཐུན་མོང་མ་ཡིན་པ། བསྐྱེད་རིམ་རྣལ་འབྱོར་བཅུ་གཅིག །རྫོགས་རིམ་རྩ་དབུ་མ། བདེ་བ་དང་འཇའ་ལུས་སྒྲུབ་པ། མཁའ་སྤྱོད་ཡབ་ཡུམ་གྱི་འཕོ་བ། ནང་གི་མཁའ་སྤྱོད་སྒྲུབ་པ་སོགས་ཆ་ལག་ཡོངས་སུ་རྫོགས་པའི་ཉམས་ཁྲིད་ཟབ་མོ་ཤིན་ཏུ་ཞིབ་པ་དང༌། ཆོས་ཉིད་དངོས་སུ་སྟོན་པའི་བྱིན་རླབས་དང༌། རྫོགས་རིམ་རྩ་དབུ་མ་ཆེ་བའི་ཁྲིད་དང་བཅས་པ་དང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་མགོན་ཁྲོ་བཅུའི་རྗེས་གནང་སྔོན་དུ་འགྲོ་བའི་སྒོ་ནས་མཁྱེན་བརྩེའི་ཁྲིད་ཡིག་སོགས་ཀྱི་སྟེང་ནས་གུར་གྱི་མགོན་པོའི་ཕྱི་ཁྲིད་རྡོ་རྗེའི་བྲག་རྫོང་མ། ནང་གི་བྲག་རྫོང་དྲག་པོ་སྔགས་རྒོད། གསང་བའི་བྲག་རྫོང་སེམས་ཉིད་ཡེ་ཤེས་ཀྱི་འཁོར་ལོའི་རྩལ་འདོན་ཏེ་ཉམས་ཁྲིད་ཟབ་མོ་ཆ་ལག་ཡོངས་སུ་རྫོགས་པ་དང༌། གསང་ཁྲིད་ཀྱི་སྔོན་དུ་འགྲོ་