R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༩༧
[A:༡༩༧]བའི་གུར་མགོན་ལྷ་དགུའི་རྗེས་སུ་གནང་བ་དང༌། ཞིང་སྐྱོང་སྟོབས་འཕྲོག་དབང་པོ་ཞལ་བཞི་པའི་སྙིང་ཐིག་ཧ་ལ་ནག་པོའི་དཔེ་བུམ་གྱི་ལུང་ལག་ལེན་དང་བཅས་པ་ལེགས་པར་གསན་ཞིང་དཔྱིས་ཕྱིན་པར་མཛད་དོ། །ལུང་དང་རིགས་པར་སྨྲ་བ་གདོང་དགོན་བླ་མ་བསྟན་འཛིན་ཕུན་ཚོགས་ཀྱི་དྲུང་ནས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཆ་ལག་ཏུ་གཏོགས་པའི་བྱིན་རླབས་ཀྱི་སྐོར་བླ་མའི་རྣལ་འབྱོར་ཚར་གསུམ་ཁུག་པ། ལམ་ཟབ་ཕྱི་ནང་གཉིས། བླ་མ་རིན་འབྱུང༌། བིར་སྲུང་ཕྱི་ནང་གཉིས། ལམ་སྦས་བཤད། བརྡ་དོན་གསལ་བ། བརྡ་ཆིག་བརྒྱུད། རྣམ་འཇོམས་བིར་ལུགས། རྟེན་འབྲེལ་སྙིང་པོའི་སྲུང་བ། གསང་བ་བཅུའི་རྒྱས་འདེབས་པ། སྒྲུབ་པའི་ལུང་སྦྱིན་པ་རྣམས་ཀྱི་བྱིན་རླབས་དང༌། ག་ཡ་དྷ་རའི་ལུགས་ཀྱི་མགོན་རྐྱང་གི་རྗེས་སུ་གནང་བ། ཁྱད་པར་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱིས་བསྒྲིགས་པའི་གསུང་ངག་ལམ་འབྲས་ཀྱི་གླེགས་བམ་པོད་སེར་དུ་གྲགས་པ་ལ་ཆོས་སྣ་དྲུག་ཅུ་བཞུགས་པའི་ནང་ནས། ལོགས་སུ་བཞུགས་ཀྱང་རུང་བར་བཤད་པའི་ལས་དང་པོ་པ་དང་ཐུན་མོང་དུ་དགོས་པའི་ཆོས་བདུན་མ་གཏོགས་ཡོངས་སུ་རྫོགས་པ་མཆན་དང་བཅས་པ་དང༌། རྒྱལ་བའི་ལུང་གིས་ཟིན་པའི་ངོར་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱིས་བསྒྲིགས་པའི་གསུང་ངག་རིན་པོ་ཆེ་པུསྟི་དམར་ཆུང་ངམ་པོད་དམར་དུ་གྲགས་པ་ཤིན་ཏུ་ཚང་མ་རྣམས་ཀྱི་ལུང་དང་ལག་ལེན་དང་བཅས་པ། རྒྱ་གར་དམ་པ་སངས་རྒྱས་བོད་དུ་ལན་གསུམ་ཕེབས་པའི་ཐ་མ་ལ་ཁམས་ཀྱི་གླང་ཐང་སྒྲོན་མར་གཏེར་དུ་སྦས་པ་ཁམས་སྟོན་ཤེས་རབ་དཔལ་གྱིས་གཏེར་ནས་བཏོན་པའི་མན་ངག་མཁྱུད་དཔྱད་དཀར་ནག་ཁྲ་གསུམ་གྱི་ལུང་རྣམས་གསན་ཞིང་ཕྱག་ལེན་ཀྱང་མཛད་དོ། །ཉམས་དང་རྟོགས་པའི་དབང་ཕྱུག་ཁྲོ་ཤུལ་བླ་མ་ངག་དབང་སྨིན་གྲོལ་རྒྱ་མཚོའི་དྲུང་ནས། དཔལ་གསང་བ་འདུས་པ་རྩ་བའི་རྒྱུད་སོགས་