R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༩༨
[A:༡༩༨]ལས་བསྟན་པའི་ཞིང་སྐྱོང་གདོང་བཞི་པ་རྣམ་འགྱུར་བཅུ་བདུན་གྱི་རྗེས་སུ་གནང་བ་རྣམས་དང༌། དེའི་དཔེ་བུམ་ནོར་བུའི་དོ་ཤལ་དང༌། སྙིག་ཐིག་ཧ་ལ་ནག་པོའི་སྐོར་ཚང་མའི་ལུང་དང་ལག་ལེན་རྣམས་གསན་ཞིང་མཐར་ཕྱིན་པར་མཛད་ལ། གཞན་ཡང་ལྷ་འབྲང་བླ་མ་གྲུབ་དབང་དཔལ་ལྡན་ཆོས་རྒྱལ་ལས་ཀྱང༌། འོད་དཔག་མེད་ཀྱི་དབང་སོགས་ཆོས་འབྲེལ་ཕྲན་ཚེགས་ཙམ་གསན་པ་ཡིན་ནོ་ཞེས་ཐོས་སོ། །ཡང་མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ཏུ་ལན་ཕྱི་མ་ཕེབས་པའི་ཚེའང༌། སྡེ་དགེའི་དབུ་བླ་སྤངས་རྟོགས་ནོར་བུའི་མཛོད་འཆང་གྲུབ་མཆོག་དཔལ་ལྡན་ཕྲིན་ལས་ཀྱི་དྲུང་ནས། བྱ་རྒྱུད་པདྨའི་རིགས་ཀྱི་གཙོ་བོ་ཚེ་དཔག་མེད་ལྷ་དགུའི་དབང་བསྐུར་བ་སྔགས་ཀྱི་བཟླས་ལུང་དང་བཅས་པ། ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་བསྐུར་བ་དང༌། དེའི་ལུགས་ཀྱི་ལུས་དཀྱིལ་གྱི་དབང༌། བདག་མེད་ལྷ་མོ་བཅོ་ལྔའི་དབང་རྣམས་གསན་ནོ། །སྡེ་དགེའི་དབུ་བླ་མཁས་དང་གྲུབ་པའི་གཙུག་རྒྱན་དགེ་འདུན་རྒྱ་མཚོའི་དྲུང་ནས། བྱ་རྒྱུད་པདྨའི་རིགས་ཀྱི་བདག་པོ་འཕགས་པ་བཅུ་གཅིག་ཞལ་ལྷ་སོ་བདུན་གྱི་དབང་དང༌། གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལས་བརྒྱུད་པའི་མན་ངག་ཟབ་མོ་རྣམས་གཙོ་བོར་གྱུར་པའི་ཟབ་ཆོས་འགའ་ཞིག་ཕྱོགས་གཅིག་ཏུ་བསྒྲིགས་པ་གསེར་པོད་དུ་གྲགས་པའི་སྐོར་ལ། ཐོག་མར་བྱ་རྒྱུད་དེ་བཞིན་གཤེགས་པའི་རིགས་ཀྱི་གཙོ་བོ་ཀླུ་དབང་རྒྱལ་པོའི་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་ལོ་ཆེན་རིན་བཟང་གི་འགྱུར། དེའི་སྒྲུབ་ཐབས་བཅོམ་ལྡན་རལ་གྲིས་མཛད་པ། བསྟོད་པ་རོང་སྟོན་གྱིས་མཛད་པ། རྗེས་གནང་གི་ཐོ་ཡིག་མཛད་བྱང་མི་གསལ་བ་རྣམས་དང༌། དེ་བཞིན་གཤེགས་པའི་རིགས་ཀྱི་བདག་པོ་མ་ཏིའི་ལུགས་ཀྱི་འཇམ་དཀར་དཔའ་བོ་གཅིག་གྲུབ་ཀྱི་སྐོར་ལ་སྒྲུབ་ཐབས་པཎྜི་ཏ་མ་ཏིའམ་གསང་མཚན་སྒེག་པའི་རྡོ་རྗེར་གྲགས་པས་མཛད་