R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༢༥
[A:༢༢༥]བསྟན་འགྲོའི་དཔལ་མགོན་དམ་པར་ངེས་པར་ཆིབས་ཀྱི་ཁ་ལོ་བསྒྱུར་དགོས་པའི་གསོལ་འདེབས་ནན་ཏན་གྱི་སྙིང་པོར་བགྱིས་ཏེ་གསོལ་བ་དང༌། དེ་བཞིན་དུ་དཔལ་ལྡན་ས་སྐྱར་ཡང་སྡེ་དགེ་ཆོས་རྒྱལ་མཆོག་གི་ཞུ་ཡིག་དང་འབྲེལ་བར་ངོར་ཨེ་ཝྃ་ཆོས་ལྡན་གྱི་མཁན་རིན་པོ་ཆེ་ཁྲི་ཐོག་པ་འདི་བཞིན་མདོ་ཁམས་སྨད་ཕྱོགས་ཀྱི་བསྟན་འགྲོའི་མགོན་དུ་ངེས་པར་གཏོང་གྲོགས་མཛད་དགོས་ཚུལ་གྱི་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ལ་བརྟེན། ས་སྐྱ་ནས་འཇམ་མགོན་ཁྲི་ཆེན་རིན་པོ་ཆེས་ཀྱང་འཕྲལ་དུ་མདོ་ཁམས་སུ་ཕེབས་དགོས་ཚུལ་གྱི་བཀའ་ནན་སྩལ་རུང༌། ཨེ་ཝྃ་བླ་བྲང་གཞུང་གི་རྩིས་སྤྲོད་ཀྱི་སྐོར་དང༌། ཁམས་སུ་ཕེབས་ཆས་སོགས་གང་ཅི་ནས་འཕྲལ་དུ་འགྲིག་དཀའ་བར་བརྟེན། སླར་ཆུ་རྟ་ལོར་མདོ་ཁམས་སུ་ཆིབས་བསྐྱོད་བསྐྱང་རྒྱུ་ཞུས་ཏེ་རྩིས་སྤྲོད་ཀྱི་གྲ་བསྒྲིགས་པ་དང༌། བསྟན་འགྲོའི་དོན་དུ་འགྱུར་ངེས་པའི་མཛད་ཕྲིན་གྱི་འཕྲོ་རྣམས་ཀྱང་རིམ་གྱིས་གྲུབ་པར་མཛད་དེ། དགུང་ལོ་ཞེ་དྲུག་པ་ལྕགས་མོ་སྦྲུལ་གྱི་ལོའི་སྨིན་དྲུག་ཟླ་བའི་དཀར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཚེས་བཟང་པོར། བསྟན་པའི་སྣང་བྱེད་དམ་པ་ཁང་སར་ངག་དབང་བློ་གྲོས་བཟང་པོ་པ་ཉིད་རྒྱལ་བ་གཉིས་པའི་ཆོས་ཀྱི་ཁྲི་ཆེན་པོར་བཀྲ་ཤིས་པའི་ཆོ་ག་དང་བཅས་པས་ཡོངས་སུ་མངའ་གསོལ་ཞིང༌། དེ་ནས་རིམ་གྱིས་ས་སྐྱའི་སྐུ་ཚབ་དང་བཅས་ཏེ་རྩིས་སྤྲོད་ཀྱི་སྐོར་རྣམས་ཕྱག་དེབ་གཞིར་བཞག་གི་སྔར་རྩིས་ཇི་ལྟར་བླངས་པ་བཞིན་ལས་ཉམས་ཆག་སྤུ་ཙམ་ཡང་མ་སོང་བའི་ཁར་སྔོན་གྱི་རྙིང་ཧྲུལ་རྣམས་ཀྱང་ཉམས་གསོས་དང༌། གསར་བཟོས་ཀྱི་སྒོ་ནས་ཤིན་ཏུ་དངོས་གཙང་ཞིང་གྱ་ནོམ་པར་མཛད་དེ་རྩིས་ཕུལ་བ་དང༌། ཁྱད་པར་གསར་དུ་སྦྱོར་འཇགས་སྩལ་བའི་རིགས་ལ། གཙུག་ལག་ཁང་དུ་མཁན་ཆེན་དཔལ་མཆོག་རྒྱལ་མཚན་གྱི་དུས་ཇའི་སྐབས་བཤམ་རྒྱུའི་ཞལ་ཐང་ཆེ་ལེགས་གོང་གཤམ་ཞལ་ཁེབས་དང་བཅས་པ་དང༌། གསང་བའི་མགོན་ཁང་