R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༢༤
[A:༢༢༤]པའི་མོད། །འདོད་རྒུའི་གྲིབ་བསིལ་ཅི་ཡང་བྱིན།། །།གཉིས་པ་མདོ་ཁམས་སུ་མི་བདག་སའི་ཚངས་པ་ཆེན་པོས་སྤྱན་དྲངས་ཏེ་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་མཛད་པའི་ཚུལ་ནི། ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་འཇམ་པའི་དབྱངས་མཁྱེན་རྩེའི་དབང་པོའི་ཞལ་སྔ་ནས། སླར་ཡང་བོད་ཆེན་ལྗོངས་ཀྱི་འཁོར་ལོས་སྒྱུར། །སྡེ་བཞི་དགེ་བཅུའི་ནོར་བུའི་ཅོད་པན་རྩེར། །ཞབས་སེན་བཀྲ་ཤིས་རེ་ཁཱ་བཀོད་མཛད་ནས། །བསྟན་འགྲོའི་ཕན་བདེ་སྤེལ་ལ་གསོལ་བ་འདེབས། །ཁྱད་པར་རྣལ་འབྱོར་དབང་ཕྱུག་ས་སྐྱ་པའི། །སྙན་བརྒྱུད་ཚད་མ་བཞི་ལྡན་གདམས་པས་མཚོན། །ཟབ་རྒྱས་དམ་པའི་ཆོས་ཀྱིས་རིགས་ཅན་གསུམ། །རྣམ་གྲོལ་གོ་འཕང་བཀོད་ལ་གསོལ་བ་འདེབས། །ཞེས་གསུངས་པའི་དོན་ཞིབ་ཏུ་བཤད་པ་ལ་གསུམ་སྟེ། ཐོག་མར་མདོ་ཁམས་སུ་བྱོན་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ། བར་དུ་ཚོགས་གཉིས་རྒྱ་ཆེར་སྤེལ་བའི་སླད་དུ་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་ཇི་ལྟར་བསྟབས་པའི་ཚུལ། སླར་ཡང་མདོ་ཁམས་སུ་བྱོན་ནས་བསྟན་འགྲོའི་དོན་ཇི་ལྟར་མཛད་པའི་ཚུལ་ལོ། །དེའི་དང་པོ་ནི་འདི་ལྟར་རྗེས་སུ་ཐོས་ཏེ། མདོ་ཁམས་སྡེ་དགེའི་རྒྱལ་ཁབ་ནས་ལུང་དང་རིག་པར་སྨྲ་བ་ཀུན་གྱི་གཙུག་རྒྱན་གཅུང་ཞབས་དྲུང་རིན་པོ་ཆེ་རྣལ་འབྱོར་འཇམ་དཔལ་བཟང་པོའང་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་དེ་ཉིད་ཀྱི་དགོངས་རྫོགས་རྒྱ་ཆེར་བསྒྲུབ་པའི་སླད་དུ། ཆོས་རྒྱལ་ཆེན་པོར་དགོངས་ཁྲོལ་ནན་ཞུས་མཛད་ནས་རིམ་གྱིས་ཆིབས་བཏེག་ཏེ། ལྕགས་འབྲུག་ཧོར་ཟླ་བཅུ་པའི་ཚེས་བརྒྱད་ཀྱི་ཉིན་ཨེ་ཝྃ་ཆོས་ལྡན་དུ་ཕེབས། དེའི་ཞབས་འབྲིང་དང་ལྷན་ཅིག་རྗེ་འདི་གདན་འདྲེན་ཞུ་བར་སྡེ་དགེའི་སྐུ་ཚབ་ནི་ས་མདའ་བུ་འཁོར་བཅས་ཀྱང་འབྱོར། རྗེ་འདི་ལ་ཆོས་རྒྱལ་མཆོག་གི་ཞུ་ཡིག་རྣམས་འབུལ་བ་དང་ཆབས་ཅིག་མདོ་ཁམས་ཀྱི་