[A:༢༢༧]ཡུ་རིང་སྐྱོན་མེད་ཀྱི་ནང་དུ་ཟས་ཕུད་སྣ་ཚོགས་ཀྱིས་བཀང་བ་བཅས་དང༌། རབ་གསལ་ཤར་དུ་བཀའ་ཤོག་ཡིག་རིགས་གསར་སྦྱོར་གྱི་སྐོར་ལ། ངོར་ཆོས་སྤྱི་ལ་དགོས་པའི་ཤེལ་ཐམ་ཆེན་མོའི་རྒྱབ་གནོན་དུ་རྒྱལ་ཚབ་དེ་མོ་ནོ་མོན་ཧན་གྱི་བཀའ་ཐམ་གཙང་བཙན་ཅན་གཅིག་དང༌། རྩྭ་འདམ་ཐོན་སྐབས་ཤིན་ཏུ་མཁོ་བའི་ཕོ་བྲང་དམར་པོ་རྒྱུག་འཛིན་ལས་ཁུངས་དམ་འབྱར་ལ་བཀའ་ཤག་ནས་མགོ་མཆན་ཡོད་པ་གཅིག་དང༌། ཆོས་གཞིས་འ་ཞྭ་བའི་འཛིན་གྲས་ས་དང་ཁང་པ་སོགས་དབང་རིགས་ཀྱི་ས་ཐོ་སྒེར་བ་འབྲང་སྟོད་པའི་ཐེལ་འབྱར་ཅན་རྣམས་དང༌། ཡང་ཕུགས་སུ་ལམ་འབྲས་ལྷ་ཁང་ལ་ཉམས་གསོ་བྱ་རྒྱུའི་རྟེན་དུ་འབྲུ་སྤུས་ལེགས་ཁལ་ལྔ་བརྒྱ་ཐམ་པར་སྦྱོར་འཇགས་གནང་བ་ཉམས་གསོ་མ་བྱས་བར་ལ་ངོ་བོ་ཆུད་ཟོས་སུ་མ་སོང་བར་རྩིས་སྤྲད་རྒྱུ་དང༌། སྐྱེད་གང་བྱུང་བླ་བྲང་རིམ་ཅན་གྱི་གཏོང་སྒོའི་ཞལ་འདེབས་བྱ་རྒྱུ་མཛད་པ་བཅས་མདོར་ན་གསར་སྦྱོར་དང་བཅས་པའི་རྩིས་སྤྲོད་རྣམས་ལེགས་པར་ཕུལ་ཏེ་བསྟན་པའི་མིག་རྒྱན་དང་ཉམས་སུ་ཕན་ངེས་པ་འབའ་ཞིག་མཛད་དོ། །དེ་ནས་མདོ་ཁམས་སུ་ཕེབས་རྒྱུའི་ཉེར་བསྡོགས་རྣམས་ཀྱང་ཇི་ལྟར་འོས་པ་བརྩམས་པ་དང༌། དོན་དུ་གཉེར་བ་རྣམས་ཀྱི་ངོར་དབང་དང་རྗེས་གནང་ལ་སོགས་པའི་བཀའ་ཆོས་ཀྱང་ཅི་རིགས་པར་སྩལ་ཏེ་ཆུ་རྟ་ཧོར་ཟླ་དང་པོའི་མཇུག་ཏུ་ཡོན་ཏན་རིན་པོ་ཆེ་དུ་མའི་འབྱུང་གནས་དཔལ་ལྡན་ས་སྐྱའི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། དེར་བཞུགས་པའི་འཇམ་མགོན་སྐུ་ངོ་ཁག་རྣམས་ལ་འབུལ་བ་དང༌། ལྷ་ཁང་ཁག་རྣམས་སུ་མཆོད་པ་དང༌། འདུས་ཚོགས་སུ་མང་ཇའི་བསྙེན་བཀུར་རྣམས་རྒྱས་པར་མཛད། སྐབས་དེར་ཁྲི་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་བཟང་པོ་བར་དེ་སྔོན་དུ་གདུང་སྲས་གཏན་ནས་མ་བྱུང་བར་བརྟེན། རྗེ་འདི་ལ་གདུང་སྲས་འབྱོན་མིན་གྱི་བརྟག་པ་དང༌། སྲུང་བ་ལྷ་