[A:༢༢༨]ལྔ་བཅུ་རྩ་གཅིག་གི་བཀའ་དབང་སོགས་དགོས་ཚུལ་ཕེབས་པ་བཞིན། གདུང་སྲས་ཀྱང་མི་རིང་བར་འབྱོན་པའི་ལུང་བསྟན་དང༌། བཀའ་དབང་རྣམས་ཐུགས་བཞེད་བཞིན་ཕུལ་བས་ཁྲི་ཆེན་རིན་པོ་ཆེའང་ཐུགས་དགྱེས་པའི་རྩེར་སོན་ཏེ་སངས་རྒྱས་དངོས་ཀྱི་འདུ་ཤེས་ཀྱིས་རྗེ་འདིའི་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཕུལ་བ་དང༌། ཁྱད་པར་མདོ་ཁམས་སུའང་རྗེ་འདི་ལྟ་བུ་ལ་ཞབས་ཏོག་མི་སྒྲུབ་པ་དང༌། འགལ་རྐྱེན་དུ་འགྲོ་རིགས་ཞུ་མི་སུའང་མི་འབྱུང་བ་གཞིར་བཅས་ནའང༌། དེ་དག་ལ་ཕན་པའི་ཕྱིར་ཡིན་གསུངས་ནས་བཀའ་ཤོག་ཅིག་ཀྱང་སྩལ་བ་སོགས་བཀུར་སྟི་བླ་ན་མེད་པ་མཛད་དོ། །གདུང་སྲས་ཀྱང་ཇི་ལྟར་ལུང་བསྟན་པ་བཞིན་དུ་ཡུན་ཧ་ཅང་མི་རིང་བ་ན་འཇམ་དཔལ་གཞོན་ནུ་བཀྲ་ཤིས་རིན་ཆེན་ངོ་མཚར་བའི་ལྟས་དང་བཅས་ཏེ་འཁྲུངས་པ་ཡིན་ཞེས་ཐོས་སོ། །གང་ལྟར་ཡང་འཇམ་མགོན་སྐུ་ངོ་རྣམས་ལས་ཆོས་འབྲེལ་རེའང་གསན་ཏེ་ཧོར་ཟླ་གཉིས་པའི་མཇུག་ཏུ་ཨེ་ཝྃ་དུ་ཕེབས། སྐུའི་རྐྱེན་སེལ་དུ་མགོན་ཁང་ཁག་རྣམས་སུ་སྐོང་བ་དང༌། ཡུལ་ལྷར་བསང་མཆོད་ལ་སོགས་པ་སྐབས་སུ་བབ་པའི་རིམ་གྲོ་རྣམས་ཀྱང་བསྒྲུབ་པ་དང༌། དེར་བཞུགས་ཀྱི་བླ་གྲྭ་ཀུན་ལ་ཆོས་དང་མཐུན་པའི་མཛད་སྒོ་གོང་འཕེལ་དགོས་པའི་ཞལ་ཏ་སོགས་སྩལ་ཏེ། དགུང་ལོ་ཞེ་བདུན་པ་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཅུའི་ཉིན་སྤྱི་དང་བྱེ་བྲག་གི་ཆིབས་སྐྱེལ་གྱི་ཚོགས་རབ་ཏུ་མང་པོ་དང་བཅས་ཏེ་ཨེ་ཝྃ་ཆོས་ལྡན་ནས་ཆིབས་ཀྱི་གདོང་བསྒྱུར། མར་ལམ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མར་དངོས་འབུལ་འགའ་ཞིག་དང་བཅས་ཏེ་མཇལ་ཕྱག་ཞུ་བ་དང༌། ལྷ་ཁང་ཁག་རྣམས་སུ་མཆོད་འབུལ་དང་ཐུགས་སྨོན་སོགས་ཞིབ་པར་མཛད་དེ་རིམ་གྱིས་ལྷ་ལྡན་