R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༣༡
[A:༢༣༡]པར་གྱུར་ཏོ། །དེའི་ཚེ་འཆི་བ་མེད་པའི་ལམ་གྱི་ངོས་ཐམས་ཅད་ཀྱང་སྤྲིན་དཀར་གྱི་དུམ་བུ་མཆོད་རྫས་ཀྱི་དབྱིངས་ཅན་མང་པོ་ཆེད་དུ་བྱས་པ་ལྟ་བུས་གཏམས་པའི་ཁྲོད་ན། ཁ་དོག་ལྔ་ལྡན་གྱི་འཇའ་རིས་རྣམས་རང་རང་གི་མཛེས་པའི་ངོ་མཚར་ངོམས་པ་འདྲ་བ་སོགས་དཀར་ཕྱོགས་ཀྱི་ལྷ་དང་སྲུང་མའི་ཚོགས་ཀྱིས་ཀྱང་ཕེབས་བསུའི་བཀོད་པ་སྐྱེ་བོ་རྣམས་ཀྱི་མིག་གི་བདུད་རྩི་ཟླ་མེད་པ་དག་སྟོན་པར་བྱེད་ཅིང༌། དེར་འདུས་པའི་འགྲོ་བ་མི་དང་མི་མ་ཡིན་པ་ཐམས་ཅད་ཀྱིས་ཀྱང་མཚན་དཔེའི་དཀྱིལ་འཁོར་མངོན་སུམ་དུ་མཇལ་བའི་སྐལ་བ་བཟང་པོའི་བདུད་རྩིས་ཡིད་ཀྱི་ཁྱེའུ་རབ་ཏུ་མྱོས་པས་དད་པ་དང་སྤྲོ་བའི་རྩེ་དགའ་ཅི་ཡང་དགོད་པར་གྱུར་ཏོ། །དེ་ཉིན་ཆོས་རྒྱལ་མཆོག་ནས་ཀྱང་ཐོག་མར་འོས་པའི་དགའ་སྟོན་གྱ་ནོམ་པ་དག་བསྟབས་ཤིང༌། ཞིབ་པར་སང་ནས་མདོ་སྨད་བསྟན་འགྲོ་ཡོངས་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་མངའ་གསོལ་རྒྱུའི་སྙན་སྤྲོན་རྣམས་ཕུལ་ཏེ། དེའི་ཕྱི་ཉིན་ཚེས་བཅུ་གསུམ་གྱི་སྔ་དྲོའི་ཆར་རྗེ་འདི་སྟོན་འཁོར་རྣམས་དཔལ་ལྡན་ལྷུན་གྲུབ་སྟེང་གི་གོནྡྷོ་ལ་ཆེན་པོར་སྤྱན་དྲངས་ཏེ། སྔོན་ཨེ་ཝྃ་པའི་མཁན་པོ་རིམ་བྱོན་ཐམས་ཅད་ཀྱི་ཞབས་ཀྱི་པདྨོ་རྣམ་པར་བཀོད་པའི་ཆོས་ཀྱི་ཁྲི་ཆེན་པོར་བཞུགས་སུ་གསོལ་ཞིང༌། རྡོ་རྗེ་འཛིན་དབང་འདུས་པ་དང་བཅས་པས་འཕགས་ཡུལ་དུ་འཆི་མེད་གྲུབ་པའི་དབང་པོ་ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བས་ལེགས་པར་བཀྲལ་ཞིང༌། གངས་ཅན་གྱི་ལྗོངས་འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་བརྒྱུད་འཛིན་དང་བཅས་པ་ལ་བཀའ་བབས་པའི་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་ལ་བརྟེན་ནས་ཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་ཀྱི་ཆོ་ག་དང་འབྲེལ་བར། ལུང་དང་རིག་པར་སྨྲ་བའི་སྡེ་སྣོད་འཛིན་པ་དག་གིས་ཕུན་སུམ་ཚོགས་པ་ལྔ་དང༌།