[A:༢༣༠]ཆིབས་ཀྱི་ཁ་ལོ་བསྒྱུར་བ་ན། རྗེ་འདིའི་མནལ་ལམ་ཕལ་ཆེ་བར་མི་དཀར་པོ་ཞིག་གིས་དགའ་བ་དང་གུས་པའི་རྣམ་འགྱུར་དུ་མ་བྱེད་ཅིང༌། རེས་རྗེ་འདིའི་ཕྱག་ནས་བརྟེན། རེས་ཆིབས་པ་ཁྲིད་དེ་སྡེ་དགེ་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་དང་ཉེ་བའི་ས་ཀོ་ཀོ་ལ་ནས་མར་བྱོན་པའི་སྣང་བ་རྟག་ཏུ་བྱུང་ཞིང༌། དེ་ནི་སྡེ་དགེའི་གཞི་བདག་འབྲི་གཉེན་གདོང་གིས་ཐོག་མའི་བསུ་བ་དང༌། སླད་ནས་ཕྲིན་ལས་འགའ་ཞིག་ཀྱང་སྒྲུབ་པའི་ལྟས་ཡིན་པ་འདྲ་གསུངས། ལམ་བར་དུ་འཁོད་པའི་འགྲོ་བ་རྣམས་ལའང་ཆོས་ཀྱི་བདུད་རྩི་ཅུང་ཟད་སྩོལ་བཞིན་པའི་སྒོ་ནས་རིམ་གྱིས་བོད་ཆེན་པོའི་ལྗོངས་སུ་ཕེབས་པར་གྱུར་ཏོ། །འདི་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་རྣམ་པར་ཐར་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དག་ལས། བྱང་ཆུབ་སེམས་དཔའ་ནི་དཔག་ཚད་བརྒྱའི་ཕ་རོལ་དག་ཏུའང་སེམས་ཅན་རྣམས་ལ་ཆོས་སྟོན་དུ་འགྲོ་ཞེས་གསུངས་པའི་ཕྱིར་རོ། །དེ་ནས་སྡེ་དགེ་ཆོས་རྒྱལ་ཆེན་པོས་སྔ་ཕྱིར་ཕེབས་བསུའི་བཀོད་པ་རབ་ཏུ་མང་པོས་མདུན་ནས་བསུས་ཤིང༌། ཁྱད་པར་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་བཞུགས་པའི་དགེ་འདུན་ཡོད་དོ་ཅོག་གིས་སེར་སྦྲེང་གི་བཀོད་པ་ཚར་དུ་དངར་བ། ཇི་ལྟར་ལི་ཁྲིའི་ཆུ་གཏེར་དལ་གྱིས་བསྐྱོད་པ་ལ་དབང་གཞུའི་རི་མོས་མཛེས་པར་འཁྱུད་པས་སྐྱེ་བོ་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོགས་པས་ཀྱང་དཔེར་བྱ་བར་མི་བཟོད་པའི་ངོ་མཚར་གྱི་ལྟད་མོ་གསར་དུ་ངོམས་བཞིན་པའི་བསུ་བའི་ཚོགས་དང་བཅས་ཏེ། གྲོ་བཞིན་གྱི་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཅུ་གཉིས་ཀྱི་ཉིན། མདོ་ཁམས་ཟལ་མོ་སྒང་གི་སའི་ཐིག་ལེ་སྡེ་བཞི་དང་དགེ་བཅུའི་དཔལ་འབྱོར་ཕུན་སུམ་ཚོགས་པས་ཡོངས་སུ་གཏམས་པའི་རྒྱལ་ཁབ་ཆེན་པོ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་ག་ལ་བ་དེར། ཉེ་ཞོའི་དྲི་མ་མེད་པ་བདེ་བར་ཕེབས་