[A:༢༣༣]ཁལ་བརྒྱ་དང་ལྔ་བཅུ། བཟང་ཇ་འཁོར་དྲུག་བརྒྱ་ཐམ་པ། འབྲི་བཅུ། ཁལ་ཉི་ཤུ་སྒ་འཁོར་དང་བཅས་པ། མཛོ་མོ་བཅུ། ཕོ་མཛོ་སྒ་སྟན་འབྱར་བ་སུམ་ཅུ། ཆིབས་སྒ་འཁོར་འཛོམ་པ་གཅིག་དང༌། ཆིབས་པ་གསུམ་གྱི་གཙོ་བྱས་པའི་རྟ་ཕོ་སུམ་ཅུ། དྲེའུ་སྒ་འཁོར་འཛོམ་པ་བཅུ། སྟན་དཀར་བརྒྱ་ཐམ་པ་བཅས་ཁྱོན་རྣམ་གྲངས་ཆིག་སྟོང་ལྔ་བརྒྱ་དང་ལྔ་བཅུ་འབུལ་བར་མཛད་ཅིང༌། བཀའི་མདུན་ན་འདོན་ཆེན་པོས་ཚིག་དོན་ཕུན་སུམ་ཚོགས་པའི་ལེགས་འབུལ་གྱི་ཡིག་གེའང་གསལ་ཞིང་བརྗོད་པ་དག་པས་གསངས་མཐོར་སྒྲོགས་པ་དང༌། དེའི་རྗེས་སུ་ཆོས་རྒྱལ་ཆེན་པོའི་སྐུའི་བར་ཆད་སྲུང་བའི་བླ་མ་དང༌། ཆོས་ཁྲིམས་དང༌། གྲྭ་ཚང་དང༌། བཀའི་འཁོར་ལོས་སྒྱུར་བའི་མདུན་ན་འདོན་ཆེན་པོ་རྣམས་དང༌། ཕྱག་མཛོད་དང༌། མདུན་སྐོར་དང༌། ཚོང་དཔོན་དང༌། དཔོན་སྐྱ་དང༌། ཧོར་འདྲ་རྣམས་དང༌། ལྷུན་གྲུབ་སྟེང་དུ་གཉུག་མར་བཞུགས་པའི་བླ་མ་དང༌། སློབ་དཔོན་དང༌། ཆོས་ཁྲིམས་དང༌། སྤྱི་བའི་དུས་ཇ་ཁག་རྣམས་དང༌། གཞན་ཡང་དགེ་ཚུལ་སློང་རབ་ཏུ་མང་པོ་དང༌། རྫོང་ཁག་ཆེན་པོ་རྣམས་ཀྱི་མངའ་འོག་ཏུ་གཏོགས་སོ་འཚལ་གྱི་བླ་མ་དང༌། མི་དཔོན་དང༌། དགོན་པ་དང༌། ཁྱིམ་བདག་འབྱོར་པ་དང་ལྡན་པ་རྣམས་ཏེ། དེ་དག་སོ་སོ་ནས་ཀྱང་སྔ་ན་མེད་པའི་དད་པ་དང་སྤྲོ་བ་ཕུན་སུམ་ཚོགས་པའི་སྒོ་ནས་དངོས་འབྱོར་གྱི་འབུལ་བ་གྱ་ནོམ་པ་དང་བཅས་ཏེ་བོད་ཆེན་པོའི་ལྗོངས་ཀྱི་བསྟན་འགྲོ་ཡོངས་ཀྱི་མགོན་དུ་ལེགས་པར་མངའ་གསོལ་ཏོ། །དེ་ལྟ་བུའི་དགེ་ཚོགས་ཐམས་ཅད་ཀྱང་བྱང་ཆུབ་སྙིང་པོར་ཡོངས་སུ་སྨིན་པའི་ཕྱིར་འབེལ་བའི་གཏམ་གྱི་མཚམས་སྦྱོར་རྒྱས་པར་སྤྲོས་ཏེ་ཡོངས་སུ་བསྔོ་བའི་རྒྱས་གདབ་པ་དང༌། དེར་འདུས་པའི་སྐྱེ་བོ་རྣམས་ཀྱང་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མའི་འཆི་མེད་ཚེའི་རྗེས་སུ་གནང་བ་སོགས་ཆོས་