[A:༢༣༤]ཀྱི་བདུད་རྩིས་ཚིམ་པར་མཛད་དོ། །དེ་ནས་རིམ་གྱིས་རྗེ་འདིས་ཀྱང་ཆོས་རྒྱལ་ཆེན་པོའི་སྤྱན་སྔར་ཐོག་མའི་ཞལ་མཇལ་ལ་རོང་གི་ཚུལ་དུ་བཀྲ་ཤིས་པའི་ལྷ་གོས་ཀྱིས་ཐོག་དྲངས། སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་དུ་འཕགས་པ་དུ་མ་དང༌། དར་རས་ལིང་གོས་ཆེན་མགོ་སྣམ་སྣམ་ཕྲུག་གི་རིགས་རབ་ཏུ་མང་པོ་དང༌། །གཅན་གཟན་གྱི་པགས་རིགས་དང༌། ཤིང་ཐོག་གི་རིགས་མང་པོ་དང༌། གསེར་དངུལ་ལ་སོགས་པ་རིན་པོ་ཆེའི་རིགས་དང༌། རྟ་དྲེལ་མཛོ་གཡག་ལ་སོགས་པ་རྣམ་གྲངས་སུམ་བརྒྱ་ལྷག་ཙམ་དང༌། ཆོས་རྒྱལ་ཆེན་པོ་སྐུ་སྒེར་དུའང་ལ་རོང་གི་འབུལ་བ་དང༌། བཀྲ་ཤིས་ཆོས་རྫོང་དུ་བཞུགས་པའི་ལྷ་སྲས་རིན་པོ་ཆེ་ལྕམ་སྲིང་རྣམས་དང༌། དབུའི་མཆོད་གནས་སུ་གྱུར་པའི་བླ་མ་རྣམས་དང༌། གཞན་ཡང་བཀའི་བློན་ཆེན་རྣམས་དང༌། ཕྱག་མཛོད་དང༌། ཚོང་དཔོན་དང༌། མདུན་སྐོར་ལ་སོགས་པ་རྣམས་དང༌། དགོན་པའི་བླ་མ་དབུ་ཆོས་ལ་སོགས་པ་རྣམས་ལའང་རང་རང་གི་གོ་བབས་དང་བསྟུན་པའི་ལ་རོང་དང་གནང་སྦྱིན་སོགས་སྐབས་སུ་བབ་པའི་ཐུགས་བྲེལ་རྣམས་རིམ་གྱིས་བཅད། ཟླ་བ་དེའི་མཇུག་ཏུ་ཆོས་རྒྱལ་ཆེན་པོའང་དབྱར་གཟིགས་སུ་མགྱོགས་སྐོར་གྱིས་ཕེབས་པའི་སྐུའི་རྐྱེན་སེལ་སྒྲུབ་པར་འབྱོན་དགོས་ཚུལ་བཀའ་སྩལ་པ་ལྟར། ལྷ་ལུང་ཁུད། རུ་དམ། རྫོགས་ཆེན་དགོན། ཡིད་ལྷུང༌། གཏིང་ལྷུང་མཛེས་བུམ། སྨད་ཤོད་བཀྲ་ཐང་སྒར་སོགས་སུ་ཕེབས། ཉིན་རེ་བཞིན་ཆོས་རྒྱལ་ཆེན་པོར་རྣམ་དམེ་གང་རུང་གི་ཁྲུས་རེ་དང༌། ཚེ་དཔག་མེད་ལྷ་དགུའི་དབང་རེ་བཅས་ཆག་མེད་དུ་འབུལ་དགོས་པ་དང༌། སྐབས་འགར་སྐུ་རིམ་གསར་འཕར་གྱི་རིགས་མང་པོ་བསྒྲུབ་པ་དང༌། མཛེས་བུམ་སྒར་དུ་བཞུགས་སྐབས། དེའི་ཉེ་སྐོར་དེའུ་མགོའི་གཞིས་ཀར་གདན་དྲངས་པ་ལ་བརྟེན། མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་མཁྱེན་བརྩེས་ཀྱང་དགུང་ལོ་གསུམ་