R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༣༥
[A:༢༣༥]བཞེས་པ་མ་ཡུམ་གྱི་པང་ན་འཚོ་བའི་སྐབས་ཐོག་མར་མཇལ་ཏེ་གཙུག་ཏོར་རྣམ་པར་རྒྱལ་མའི་ལྷ་དགུའི་རྗེས་སུ་གནང་བ་གསན་པས་ཐུགས་ཀྱི་སྲས་སུ་འགྱུར་བའི་རྟེན་འབྱུང་ལེགས་པར་འགྲིགས་པས་མཚོན། དོན་དུ་གཉེར་བ་གཞན་དག་ལའང་རང་རང་གི་མོས་པ་དང་མཐུན་པའི་ཆོས་ཀྱི་བདུད་རྩི་ཅི་རིགས་པར་སྩལ་ཏེ། ཧོར་ཟླ་དགུ་པའི་མཇུག་ཏུ་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས། ཡང་ཧོར་ཟླ་བཅུ་པའི་ཚེས་མགོར་ཆོས་རྒྱལ་ཆེན་པོ་ཛྃ་ཐོག་ནོར་བུ་རྩེའི་རྒྱལ་ཁབ་ཏུ་ཐོག་སྡུད་ལ་ཕེབས་པའི་སྐུའི་རྐྱེན་སེལ་སྒྲུབ་པར་ཕེབས་དགོས་བྱུང་བ་ལྟར་ཛྃ་ཐོག་ཏུ་ཟླ་གཅིག་ཙམ་བཞུགས། རྒྱུན་དང་ཁྱད་པར་གྱི་དབང་དང་རྗེས་གནང་དང་ཁྲུས་ལ་སོགས་པ་རྣམས་གང་ལ་གང་དགོས་ལེགས་པར་སྩལ་ཏེ་ཧོར་ཟླ་བཅུ་གཅིག་པའི་ནང་སྡེ་དགེ་ལྷུན་གྲུབ་སྟེང་དུ་ཕེབས། ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ནས་བཟུང་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དྲུག་ཅུ་དང༌། ཆོ་འཕྲུལ་ཟླ་བར་འདུ་བ་ཆེན་པོ་ཞེས་པ་ངོར་ལུགས་དཀྱིལ་འཁོར་བདུན་གྱི་སྒྲུབ་མཆོད་རྣམས་ཚོགས་པའི་དབུ་བཞུགས་སུ་ཕེབས། མདོར་ན་དེ་ནས་བརྩམས་ཏེ་དགུང་ལོ་ང་བདུན་པ་ཆུ་ཕོ་འབྲུག་ལོའི་བར་མདོ་ཁམས་སུ་བཞུགས། ཐོག་མར་ལོ་ལྔ་དྲུག་ཙམ་གྱི་རིང་ལ་བཤད་མ་ཐག་པ་ལྟར་གྱི་དབྱར་གཟིགས་དང༌། ཐོག་སྡུད་ལ་བེབས་པའི་སྐུའི་རྐྱེན་སེལ་སྒྲུབ་པར་ཕེབས། དེ་རྗེས་རྗེ་འདི་སྐུ་བསྙེལ་གྱིས་དོགས་པས་དགོངས་ཁྲོལ་བྱུང་བ་ལྟར་ཕེབས་དགོས་མ་བྱུང༌། འབྲི་ཆུ་རོང་འཁྲིས་སུ་གྲགས་པར་མེ་ཏོག་ལ་ལན་གསུམ་ཙམ་དང༌། སྨན་ཤོད་ཕྱོགས་སུ་ཚར་གཉིས་ཙམ་དང༌། ལན་ཅིག་སྒ་སྟོད་ཕྱོགས་སུ་ཕེབས་པར་ལོ་གཅིག་ཙམ་འགོར་བ་དང༌། ལན་ཅིག་གོ་འཇོའི་ཕྱོགས་སུ་ཕེབས་པར་ལོ་ཕྱེད་ཙམ་འགོར་ཞིང༌། དེ་ཐམས་ཅད་དུའང་གདུལ་བྱ་རང་རང་གི་བློ་དང་འཚམས་པར་ཟབ་པ་དང་རྒྱ་ཆེ་