[A:༢༣༦]བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་འགྲོ་བ་ཆོས་ལ་མ་དད་པ་རྣམས་དད་པར་བྱས། དད་པ་རྣམས་ཀྱང་འགའ་ཞིག་ནི་ཉན་རང་གི་རིགས་ཅན་དུ་གྱུར་པ་ལ་ངེས་པར་འབྱུང་བའི་གཏམ་གྱིས་བདེན་བཞིའི་འཇུག་ལྡོག་ལ་བཀོད་པ་དང༌། ཕལ་ཆེར་ནི་བྱང་ཆུབ་སེམས་དཔའི་རིགས་ཅན་དུ་གྱུར་པ་ལ་བྱམས་པ་དང་སྙིང་རྗེའི་གཏམ་གྱིས་ཐེག་པ་ཆེན་པོའི་ལམ་ལ་བཀོད་པ་དང༌། སྐལ་བ་དང་ལྡན་པ་ཁ་ཅིག་ནི་སྨིན་པ་དང་གྲོལ་བའི་ཐབས་ལ་མཁས་པས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་བཀོད་ཅིང༌། དེ་ཐམས་ཅད་ཀྱང་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་སྐལ་བ་དང་ལྡན་པ་ཤ་སྟག་ཏུ་མཛད་དེ། མདོར་ན་ཐུབ་པའི་བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་དོ། །གཞན་ཡང་སྡེ་དགེ་ལྷུན་གྲུབ་སྟེང་གི་ཉེ་སྐོར་གྱི་ཁྱིམ་བདག་དད་པ་ཅན་འགའ་ཞིག་གིས་གདན་དྲངས་པའི་ངོར་ལན་ཁ་ཤས་བྱོན་པ་མ་གཏོགས་ལྷུན་གྲུབ་སྟེང་གི་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་རང་དུ་འཁོར་ལོ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་དང་བཅས་ཏེ་བཞུགས་ཤིང༌། སྒོ་སྟོད་དུ་ཕེབས་སྐབས་མ་གཏོགས་ལོ་རེ་བཞིན་དྲུག་འདུའི་དབུ་བཞུགས་ཀྱང་རྟག་པར་མཛད། རྒྱུན་དུ་མི་བདག་སའི་ཚངས་པ་ཆེན་པོར་འཆར་ཅན་གྱི་དབང་ཁྲུས་རྣམས་དང༌། སྐབས་སུ་བབ་པའི་སྐུ་རིམ་གསར་འཕར་གྱི་རིགས་རྣམས་བསྒྲུབ་པ་དང༌། ཡུལ་ཕྱོགས་སོ་སོར་བདེ་སྐྱིད་རྒྱ་ཆེར་འབྱུང་བའི་སླད་དུ་ལྷ་བུམ་དང༌། ཀླུ་བུམ་དང༌། ས་བདག་གི་བུམ་པ་ལ་སོགས་པ་ཚད་ལྡན་དུ་བསྒྲུབས་ཏེ་སྦ་བ་དང༌། གཞན་ཡང་ཆར་འབེབས་པ་ལ་སོགས་པ་ཞི་རྒྱས་དབང་དྲག་དང་རྗེས་སུ་འབྲེལ་བའི་མཛད་ཕྲིན་རྣམས་ནི་རེ་རེ་ནས་སྨོས་ཀྱིས་མི་ལང༌། ཕྲིན་ལས་ཀྱི་གཙོ་བོ་ཆོས་འཆད་པའང་ཆོས་རྒྱལ་མཆོག་གི་ཐུགས་བཞེད་ལྟར། རྗེ་རང་གིས་གསན་པའི་ཆོས་ཕལ་ཆེ་བ་དང༌། ཁྱད་པར་མཁས་གྲུབ་ཕལ་ཆེར་གྱི་རྣ་བའི་བཅུད་དུ་མ་སོན་བའི་གསུང་ངག་རིན་པོ་ཆེ་ལམ་འབྲས་