R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༥༥
[A:༡༥༥]ཅུང་ཟད་སྐྱོན་ཤོར་བ་ལྟ་བུས་དེ་ཕྱིན་ཆད་སྙན་གྱིས་ཆེར་མི་གསན་པར་གྱུར་པ་ཡིན་ཞེས་ཐོས་ལ། དེ་དག་ནི་ཤིན་ཏུ་སྙིགས་མའི་དུས་འདིར་དཀར་ཕྱོགས་རྣམས་ཕམ། ནག་ཕྱོགས་རྣམས་རྒྱལ་བའི་སྐབས་སུ་སོང་གཤིས་བདུད་ཀྱི་རིགས་ཀྱིས་བར་ཆད་བྱེད་པར་བརྩམས་ཀྱང༌། རྗེ་འདི་ནི་བསྐལ་པ་དཔག་ཏུ་མེད་པ་ནས་གཞན་ལ་སྨན་པའི་ཐུགས་བསྐྱེད་ཀྱི་གཡར་དམ་བརྟན་པའི་སྟོབས་ཀྱིས་སྙན་ལ་སྐྱོན་ཅུང་ཟད་བྱུང་བ་ཙམ་ལས། གཞན་པའི་བར་ཆད་ཀྱིས་གླགས་མ་རྙེད་པར་སེམས་སོ། །དགུང་ལོ་ལྔ་པ་ཀུན་ལྡན་གྱི་ལོར་བདག་ཆེན་འཇམ་པའི་དབྱངས་ངག་དབང་ཀུན་དགའ་བློ་གྲོས་ཡབ་སྲས་རྣམས་དབུས་ཕེབས་མཛད་པའི་ཡར་ལམ་ངོར་དུ་ཕེབས། དགོན་པའི་ཕྱི་རོལ་དུ་ཚེ་དབང་ཞིག་སྩལ་བ་རྗེ་འདི་ཡབ་ཡུམ་དང་བཅས་པ་གསན་དུ་བྱོན་པས་སྐུ་ཚེ་ལ་མངའ་བརྙེས་པའི་རྟེན་འབྲེལ་གྱི་ཐོག་མའང་འདི་དུས་ནས་འགྲིག་པར་མངོན་ནོ། །རྒྱལ་རྣམས་དགོངས་པའི་སྙིང་པོ་ནི། །འགྲོ་ཀུན་སྲིད་ལས་སྒྲོལ་བ་སྟེ། །ཉི་ཟླའི་འོད་ཀྱི་བྱེད་ལས་ཀྱང༌། །མུན་པའི་སྨག་རུམ་ཁོ་ན་སེལ། །དེ་སླད་སྤྲུལ་པ་སྣ་ཚོགས་ཀྱིས། །འགྲོ་བའི་རེ་འདོད་སྐོང་བ་ནི། །དཔག་བསམ་ཤིང་དང་བུམ་པ་བཟང༌། །བསམ་འཕེལ་ནོར་བུས་མཚོན་མ་གྱུར། །ཁྱད་པར་བསིལ་ལྡན་ལྗོངས་ཀྱི་འགྲོ། །ཐར་པའི་གྲོང་དུ་དབུགས་དབྱུང་སླད། །སྐྱོབ་པ་རྣམས་ཀྱི་ཡེ་ཤེས་ཀྱང༌། །མཚན་དཔེའི་གཟུགས་སུ་སྤྲུལ་ལ་ཆས། །ཨེ་མ་དགེ་མཚན་རྒྱ་མཚོ་ཡིས། །མཛེས་པར་འཁྱུད་པའི་གླིང་འདི་ནི། །སྤྲུལ་པའི་སྐུ་དེ་འཁྲུངས་ཡུལ་དུ། །བྱེད་པོས་གསར་དུ་བསྐྲུན་མིན་ནམ། །ཤིན་ཏུ་ངོ་མཚར་ལྟས་རྣམས་ཀྱིས། །ཡོངས་སུ་བསྐོར་ཏེ་སྨིན་ལེགས་མའི། །ལུས་ཀྱི་གཞལ་མེད་ཁང་པ་རུ། །འཇུག་པའི་དུས་སྟོན་གསར་པ་ཤར། །འཕགས་རྣམས་དམན་པའི་ལྟོ་བ་ན། །གཞར་ཡང་གནས་པ་མ་ཡིན་ཏེ། །སེང་གེའི་འོ་མ་རིན་ཆེན་ལས། །གཞན་པའི་སྣོད་དུ་