R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༡༥༤
[A:༡༥༤]སེམས་ཅན་གསོད་པའི་གཏམ་ཐོས་པ་ཙམ་གྱིས་མིག་ནས་མཆི་མ་རང་དབང་མེད་པར་ཤོར་ཞིང༌། ཉིན་གྲངས་མང་པོའི་བར་དུ་ཟས་ལ་དྭང་ག་འགགས་འགྲོ་བ་ཞིག་ཡོད་པ་ཡིན། དེ་ལ་བརྟེན་ནས་བྱིས་པ་གཞན་རྣམས་ཀྱིས་རྩེད་མོའི་ཕྱིར་དུ་འབུ་དང་སྦྲང་མ་ལ་སོགས་པ་གསོད་པར་བྱེད་ཀྱང༌། ངེད་ནས་དེ་འདྲ་བསད་པ་ཡེ་མི་དྲན། འདི་ལ་བལྟས་ནས་ཚེ་སྔ་མའང་སྟོན་མཆོག་ཤཱཀྱའི་རྒྱལ་པོའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ལ་གོམས་འདྲིས་ཅུང་ཟད་བྱས་པ་འདྲ་ཞེས་བཀའ་སྩལ་པ་བདག་ཉིད་ཀྱིས་ཐོས་ལ། གཞན་ཡང་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་འཇིམ་པ་ལས་གྲུབ་པ་སོགས་རྙེད་ཚད་བསྡུས་ཏེ་གནས་དབེན་པར་སྟེགས་གཙང་མའི་སྟེང་དུ་བཞུགས་སུ་གསོལ་ཞིང༌། དེ་ལ་མགྲོན་བུ་ལ་སོགས་པའི་དངོས་པོ་བྱུང་ཚད་ཐམས་ཅད་འབུལ་བ་དང༌། དར་གོས་རྙེད་ཚད་ཀྱི་ན་བཟའ་གསོལ་བ་དང༌། ཕྱག་དང་ཡོན་ཆབ་འབུལ་བ་ལ་སོགས་པ་ཆོས་དང་མཐུན་པའི་བྱ་བ་འབའ་ཞིག་གིས་དུས་འདའ་བར་མཛད་པ་དང༌། མངོན་པར་རྟོགས་པ་རྒྱན་ལས། གོས་ལ་སོགས་པ་གཙང་བ་དང༌། །ལུས་ལ་སྲིན་བུ་རྣམས་མི་འབྱུང༌། །ཞེས་སྦྱོར་ལམ་རྩེ་མོ་ལ་གནས་པའི་རྟགས་སུ་བཤད་པ་དང་མཐུན་པར་གཙང་སྦྲ་ཆེ་ཞིང༌། སྐུ་ལུས་ལ་སྲིན་བུ་མེད་པ་སོགས་དམ་པའི་ཡོན་ཏན་དུ་མ་དང་ལྡན་ཞིང༌། རྒན་པ་ལ་གུས་པ་དང༌། གཞོན་པ་ལ་བྱམས་པ་སོགས་ཡ་རབས་ཀྱི་སྤྱོད་པ་དང་ལྡན་པས་སྐྱེ་རྒུ་ཐམས་ཅད་ཤིན་ཏུ་ངོ་མཚར་བའི་གནས་ལ་བཀོད་པར་གྱུར་ཏོ་ཞེས་ཐོས་སོ། །སྐབས་ཤིག་བར་ཆད་ཀྱི་རྣམ་པས་ཡུལ་དེར་གཞུང་གི་རྔ་མོ་མགོ་བ་སླེབ་པ་ན། བྱིས་པ་ཐམས་ཅད་རི་བོང་ཅལ་རྒྱུག་གི་ཚུལ་དུ་རྔ་མོ་སླེབ་ཡོང་ཞེས་སྒྲོགས་ཤིང་ཕྱོགས་ཐམས་ཅད་དུ་བྲོས་པ་ན། རྗེ་འདིས་ཀྱང་དེ་བཞིན་དུ་མཛད་པས། ཁང་པ་ཐོག་ཚད་གཅིག་ཙམ་གྱི་གཡང་དུ་སྐུ་ལྷུང་བའི་རྐྱེན་གྱིས་སྙན་གྱི་དབང་པོར་