[A:༡༥༦]ཆགས་ནུས་སམ། །དེ་ཕྱིར་མི་ཡི་ཆ་བྱད་ལས། །རབ་འདས་ལྷ་མོའི་དཔལ་འཛིན་མ། །བཞིན་བཟང་མ་ཁྱོད་རྒྱལ་བའི་སྲས། །བསྐྱེད་ཕྱིར་འཕགས་མའི་སྤྲུལ་པར་ངེས། །དེ་ནས་དུས་ལ་བབ་པ་ན། །མཛེས་པའི་ཆ་ཤས་ཀུན་རྫོགས་ཤིང༌། །སྣང་བས་མུན་འཕྲོག་གདུང་སེལ་ཟླ། །འགྲོ་འདིའི་བསོད་ནམས་སྐལ་བས་རྙེད། །རབ་མཛེས་མེ་ཏོག་པདྨ་དཀར། །མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང༌། །ཆོས་ཀྱི་བག་ཆགས་དང་ལྡན་ན། །གཞོན་ནུ་འདི་ཡི་དཔེ་ཟླར་འོས། །རྒྱལ་ལ་བསྙེན་བསྲིད་མི་མངའ་ཡང༌། །གངས་ལྗོངས་ལྷ་ནི་འདིའོ་ཞེས། །སྟོན་ཕྱིར་གསུང་གི་ཐོག་མ་རུ། །ཡི་གེ་དྲུག་པ་དབྱངས་སུ་ལེན། །བསྐལ་པ་དཔག་ཏུ་མེད་པ་ནས། །ཚོགས་གཉིས་རྫོགས་པའི་མཐར་སོན་ཀྱང༌། །ད་དུང་རྒྱལ་བའི་སྐུ་བརྙན་ལ། །མཆོད་པའི་ལྟད་མོ་ཅི་ཡང་སྟོན། །སྒྲིབ་གཉིས་གཡའ་ཡིས་མ་གོས་པའི། །ཡེ་ཤེས་མེ་ལོང་དག་པའི་ངོས། །ཤེས་བྱའི་གཟུགས་ཀུན་ཤར་བ་ལ། །མངོན་པར་ཤེས་པའི་གྲགས་པ་དཀར། །རང་གི་མ་ལ་སུ་ཡང་བརྩེ། །འབྱོར་ལྡན་རྣམས་ལ་ཀུན་ཀྱང་དགའ། །རྒྱལ་པོ་ལ་ནི་ཐམས་ཅད་བཏུད། །དམན་ལ་བྱམས་པ་ཁྱོད་ཁོ་ན། །ན་ཚོད་ཕྲ་མོའི་དུས་འདིར་ཡང༌། །མགོན་མེད་རྣམས་ཀྱི་མགོན་གྱུར་ན། །ད་གཟོད་དར་ལ་བབས་པའི་ཚེ། །ཀུན་གྱི་སྐྱབས་སུ་འགྱུར་བར་ངེས། །ཁྱོད་ནི་རིས་མེད་ལུས་ཅན་ལ། །ཕན་བདེའི་བདུད་རྩི་རབ་སྩོལ་ཡང༌། །ཡིད་སྲུབས་དཔུང་དང་བཅས་པ་ཡི། །སྙིང་ལ་མྱ་ངན་ཟུག་རྔུ་སྦྱིན། །དེ་སླད་བར་དུ་གཅོད་བརྩམས་ཀྱང༌། །གླགས་རྙེད་འགྱུར་བ་ག་ལ་ནུས། །དེ་བས་འདི་ལ་སྐྱབས་སོང་ན། །ཁྱེད་རྣམས་བདེ་ལ་འགོད་པར་ངེས། །བརྟན་པར་བཙུགས་སོ་འཇམ་པའི་དབྱངས། །འཆི་མེད་མགོན་པོའི་སྐུར་བཞེངས་ཏེ། །གཞོན་ནུའི་ཚེ་ཡི་ཀ་བ་ནི། །འགྱུར་དུ་མེད་པའི་རང་བཞིན་དུའོ།། །།སྤྱི་དོན་གཉིས་པ་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་