R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༤༡
[A:༢༤༡] སྨན་འདམ་ལས་གྲུབ་པའི་སྐུ་འདྲ་གསར་བཞེངས་ཀྱང་མང་དུ་མཆིས་སོ། །སྔ་ཕྱི་ཀུན་ཏུ་བྲིས་སྐུ་གསར་དུ་བཞེངས་པའི་སྐོར་ལའང༌། ལམ་འབྲས་བླ་མ་བརྒྱུད་པའི་ཞལ་ཐང་གྲས་འགྲིག་གསུམ། གྲུབ་ཆེན་བརྒྱད་བཅུའི་ཞལ་ཐང་གྲས་འགྲིག་གསུམ། ཀྱེ་རྡོར་ལྷ་དགུ་གཙོ་བོར་གྱུར་པའི་ཞལ་ཐང་གཅིག །སྨན་བླའི་ཞིང་བཀོད། །མི་འཁྲུགས་པའི་ཞིང་བཀོད། བདེ་བ་ཅན་གྱི་ཞིང་བཀོད། དགའ་ལྡན་གྱི་ཞིང་བཀོད། པོ་ཏ་ལའི་ཞིང་བཀོད། སྒྲོལ་མའི་ཞིང་གི་བཀོད་པ་རྣམས་དང༌། ལྟུང་བ་བཤགས་པའི་ལྷ་སོ་ལྔ་དང༌། གནས་བརྟན་བཅུ་དྲུག་དང༌། རྗེ་བཙུན་རིགས་བྱེད་མ་དང༌། ཚོགས་ཀྱི་བདག་པོ་དང༌། འདོད་པའི་རྒྱལ་པོ་དང༌། གུར། ཞལ། སྟག་ཞོན། དམག་ཟོར། བེཀྩེ་སོགས་མདོར་ན་བྲིས་ཐང་གསར་བཞེངས་ཁོ་ནའང་ལྔ་བཅུ་སྐོར་ཡོད་ཅིང༌། དེ་ཐམས་ཅད་ལའང་བཟང་གོས་གྱ་ནོམ་པ་མང་པོའི་གོང་གཤམ་དང༌། ཞལ་ཁེབས་ལ་སོགས་པ་བལྟ་བས་ཆོག་མི་ཤེས་པ་འབའ་ཞིག་མཛད་པ་དང༌། གསུང་གི་རྟེན་ཡང་ཉེ་བར་མཁོ་བའི་ཕྱག་དཔེ་བྲིས་མ་དང་སྤར་མ་པུསྟ་ཀ་སུམ་ཅུ་ཙམ་བཞེངས་པ་དང༌། ཐུགས་ཀྱི་རྟེན་ཀྱང་ཕྱིས་སུ་ངོར་དུ་སཱཙྪ་འབུམ་ཐེར་རེ་བཞུགས་པའི་མཆོད་རྟེན་ཁང་བུ་བརྩེགས་པ་གཉིས་བཞེངས་པར་མཛད་ཅིང༌། དེ་དག་ཀྱང་སཱཙྪའི་གཟུངས་གཞུག་དང༌། སཱཙྪ་འདེབས་ཚུལ་དང༌། མཆོད་རྟེན་ཕྱགས་ཚད་དང༌། མཐར་རབ་ཏུ་གནས་པ་ལ་སོགས་པ་རྒྱུད་ནས་ཇི་སྐད་བཤད་པ་བཞིན་བསྒྲུབས་པ་དང༌། མཆོད་པའི་ཡོ་བྱད་ཀྱང་རྒྱ་དངུལ་འདེགས་སྲང་ལྔ་བཅུ་ལས་གྲུབ་པའི་ཏིང་ཕོར་བདུན་ཚར་དང༌། ཡང་རྒྱ་དངུལ་འདེགས་སྲང་ལྔ་བཅུ་ང་ལྔ་ལས་གྲུབ་པའི་མཎྜལ་ལ་སོགས་པ་དངུལ་ལས་གྲུབ་པའི་མཆོད་ཆའི་རིགས་མང་པོ་དང༌། གོས་ཆེན་གྱ་ནོམ་པ་མང་པོའི་བླ་བྲེ་དང༌། ཕྱེ་ཕུར་དང༌། རྒྱལ་མཚན་དང༌། འཕན་དང༌།