R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༤༠
[A:༢༤༠]སྐྱེ་བོ་ངན་པའི་སྤྱོད་ཚུལ་ཐམས་ཅད་རྒྱང་རིང་དུ་དོར་ནས། དད་པ་ཅན་གྱིས་ཕུལ་བའི་ཡོ་བྱད་ཀྱི་དངོས་པོ་ཕྱག་ཏུ་བྱུང་བ་ཐམས་ཅད་ཆུད་ཟོས་སུ་མ་སོང་བར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང༌། བླ་མ་དང་དཀོན་མཆོག་དང་བསྟན་པ་དང་སེམས་ཅན་གྱི་ཆེད་ཁོ་ནར་ཕངས་མེད་དུ་གཏོང་བར་མཛད་པ་ཡིན་ཏེ། དེའང་སྔ་ཕྱིར་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་ལའང༌། བཅོམ་ལྡན་འདས་ཀུན་རིག་རྣམ་པར་སྣང་མཛད་དང༌། གཙུག་ཏོར་རྣམ་པར་རྒྱལ་མ་དང་རིགས་གསུམ་མགོན་པོ་བཅས་ཀྱི་སྐུ་སོ་སོར་མདའ་ཚད་རེ་ལྷག་ཙམ་ཡོད་པ། རྒྱུ་གསེར་ཟངས་ལས་གྲུབ་པ། ཤིན་ཏུ་སྒྲོས་གཙང་ཞིང་ཕྱགས་ཚད་དང་ལྡན་པ། རིན་ཐང་ཆེ་བའི་རིན་པོ་ཆེ་མང་པོའི་ཕྲས་མཛེས་པར་སྤུད་པ་སོགས་ལྟ་བས་ཆོག་མི་ཤེས་པ་ལྔ་དང༌། ཡང་གསེར་ཟངས་ལས་གྲུབ་པའི་ཇོ་བོའི་སྐུ་རྒྱབ་ཡོལ་དང་བཅས་པར་མདའ་ཚད་ཙམ་ཡོད་པ་ཤིན་ཏུ་སྒྲོས་ལེགས་པ་གཅིག་དང༌། གསེར་ཟངས་ལས་གྲུབ་པའི་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ཀྱི་སྐུ་སོ་སོར་ཁྲུ་གང་རེ་ཙམ་ཡོད་པ་བརྒྱད་དང༌། ཡུམ་ཆེན་མོ་དང༌། འཇམ་དཔལ་སྨྲ་སེང་དང༌། སེང་གེ་སྒྲ་ལ་སོགས་པའི་སྐུ་གསེར་ཟངས་ལས་གྲུབ་པ་སོ་སོར་ཁྲུ་གང་ཙམ་ཡོད་པ་ཤིན་ཏུ་སྒྲོས་ལེགས་པ་ཁ་ཤས་དང༌། གསེར་ཟངས་ལས་གྲུབ་པའི་ཀུན་རིག་རྩ་བའི་ལྷ་སུམ་ཅུ་སོ་བདུན་སོ་སོར་ཆེ་ཆུང་གི་ཚད་མཐོ་གང་རེ་ཙམ་ཡོད་པ་དང༌། གསེར་ཟངས་ལས་གྲུབ་པའི་སྨན་བླ་མཆེད་བདུན་གྱི་སྐུ་སོ་སོར་མཐོ་གང་ཙམ་རེ་ཡོད་པ་སོགས་མདོར་ན་གཞན་ལ་གཏན་གཞག་སྩལ་བ་དང༌། རང་གི་ཕྱག་ཏུ་བཞུགས་པ་ཐམས་ཅད་བསྡོམས་ན་གསར་དུ་བཞེངས་ངེས་པའི་གསེར་ཟངས་ཀྱི་སྐུ་ཁོ་ནའང་བརྒྱ་ཕྲག་གཅིག་ཙམ་ཡོད་པ་དང༌། དངུལ་ལྗང་བརྡུངས་ཀྱི་སྒྲོལ་ལྗང་ཁྲུ་གང་ཙམ་གཅིག་དང༌། ཟངས་ཀྱི་རྣམ་རྒྱལ་མ་མདའ་ཚད་ཙམ་ཡོད་པ་བཅས་ཀྱང་གསར་དུ་བཞེངས་པ་དང༌།