[A:༢༤༢] རྟེན་ཁེབས་ལ་སོགས་པ་མང་དུ་བཞེངས་པར་མཛད་དེ། དེའང་རྟེན་ཁེབས་ལྟ་བུར་མཚོན་ན། གཞན་ལ་སྦྱོར་འཇགས་སྩལ་བ་དང༌། རང་ཉིད་ཀྱི་ཕྱག་ཏུ་བཞུགས་པ་སོགས་སྔ་ཕྱིར་བཟོས་ཚད་བརྩིས་ན་བཟང་གོས་ལས་གྲུབ་པའི་རྟེན་ཁེབས་ཁོ་ནའང་བརྒྱ་དང་ཉི་ཤུ་སྐོར་ཟིན་པ་དང༌། དཀོན་མཆོག་གི་མཆོད་པ་དང་དགེ་འདུན་གྱི་བསྙེར་བཀུར་ཡང༌། སྡེ་དགེ་ལྷུན་གྲུབ་སྟེང་དུ་སྔོན་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་གི་སྐུ་དུས་ནས་སྲོལ་དོད་པ་ལྟ་བུའི་ལོ་རེ་བཞིན་གྱི་ཧོར་ཟླ་བཅུ་གཉིས་པའི་ཚེས་གནམ་གང་ཉིན། དྲུག་འདུའི་དབུ་བཞུགས་སུ་ཡིན་གྱིས་འདུས་ཚོགས་སྤྱིར་ཚེ་ཆོག་དང༌། མགོན་ཁང་ཁག་རྣམས་སུ་སྐོང་བ་དང༌། ཆོས་སྒྲོགས་པ་མང་པོས་གསུང་རབ་བཀླག་པ་དང༌། དེར་འདུས་པའི་གསང་སྔགས་རྙིང་མའི་བླ་མ་དགེ་སློང་སྔགས་པ་བཅས་ལའང་ཕྱག་འགྱེད་དང་རྣམ་གཞག་སོགས་གཏོང་བའི་རྒྱུན་མཆིས་པ་རྣམས་ཀྱང་མ་ཆག་པར་ཡར་ལྡན་དུ་མཛད་པ་དང༌། དེར་མ་ཟད་བླ་བྲང་ཕན་བདེ་ཀུན་ཁྱབ་གླིང་རང་དུའང་ལོ་རེ་བཞིན་ཆོ་འཕྲུལ་ཟླ་བའི་ཚེས་གཅིག་ནས་བཅོ་ལྔའི་བར་ལ་རྗེ་རང་གི་གྲྭ་ཚང་གང་ཡོད་ཀྱི་སྟེང་ལྷུན་གྲུབ་སྟེང་གི་དགེ་སློང་བཞི་ལྔ་རེ་བསྣན་ཏེ་བླ་མ་མཆོད་པ་དང༌། གནས་བཅུའི་ཆོ་ག་དང༌། མཎྜལ་བཞི་ཆོག་སོགས་གསུང་བ་དང་ཆབས་ཅིག་ཉིན་རེ་བཞིན་སྤོས། མར་མེ། ཞལ་ཟས་རྣམས་བརྒྱ་རྩ་རེ་ངེས་པར་མ་ཆག་པར་མཛད་པ་དང༌། གཞན་ཡང་ཟླ་བ་བྱུང་ངོ་ཅོག་གི་ཉ་སྟོང་ཚེས་བརྒྱད་ཕལ་ཆེ་བར་བླ་མ་མཆོད་པའམ་བསྟན་པ་གསོ་ཆོག་ལྟ་བུའི་ཆོ་ག་གང་རུང་རེ་དང་འབྲེལ་བར་བརྒྱ་མཆོད་རེ་ཆག་མེད་ལྟ་བུར་མཛད་པ་དང༌། སྐབས་སྐབས་སུ་རྒྱལ་བའི་བཀའ་འགྱུར་རོ་ཅོག་སྒྲོགས་པ་སོགས་བསོད་ནམས་ཀྱི་ཚོགས་འདུ་བགྱིས་པའི་གཏོང་ཕོད་ཆེན་པོའི་སྒོ་འཕར་རྟག་ཏུ་དབྱེ་བཞིན་པ་དང༌། ཁྱད་པར་དགུང་ལོ་ང་དྲུག་པ་ལྕགས་མོ་ཡོས་ཀྱི་ལོའི་ཧོར་ཟླ་ལྔ་པའི་ནང༌། ཤི་གསོན་གྱི་དད་རྫས་མཐའ་དག་ཆུད་མི་འཛའ་ཞིང་དགེ་ཚོགས་