R200: བྱམས་པ་ཀུན་དགའ་བསྟན་འཛིན་རྣམ་ཐར།

  • Pagination (Witness A): ༢༤༥
[A:༢༤༥]བྱོན། དེ་ནས་མཆོད་ཡོན་ལྷན་རྒྱས་ཏེ་ཆིབས་ཀྱི་ཁ་ལོ་བསྒྱུར། རྗེ་དྲུང་དཔོན་འཁོར་རྣམས་ཀྱང་དབུས་གཙང་དག་པའི་ཞིང་དུ་བསྙེན་བཀུར་ལེགས་པར་བགྱིས་ཟིན་ནས་མར་བྱོན་པ་དང་རྩི་གེ་སར་འབེན་དེའུའི་མར་ཐང་ཞིག་ཏུ་མཇལ། དེ་ནས་རྗེ་དྲུང་དཔོན་འཁོར་རྣམས་མདོ་ཁམས་སུ་བྱོན། རྗེ་འདིས་སྐབས་སུ་བབ་པའི་ཆོས་རྒྱལ་མཆོག་གི་ཐུགས་བཞེད་རྣམས་ཀྱང་སྒྲུབ་བཞིན་པའི་སྒོ་ནས་ཧོར་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཀྲ་ཤིས་དབུ་མ་ཐང་དུ་ཕེབས། དེ་ནས་ཆོས་རྒྱལ་ཆེན་པོ་ལྷ་ལྡན་ཕྱོགས་སུ་སྔོན་དུ་ཕེབས། རྗེ་འདི་ཞག་གཉིས་གསུམ་གྱི་རྗེས་ནས་ཆིབས་བཏེག་སྟེ་བྱང་རྭ་སྒྲེང་གི་ཆོས་གྲྭ་ཆེན་པོར་ཕེབས། རཱ་སྒྲེང་ཁྲི་ཆེན་རིན་པོ་ཆེར་མཎྜལ་སྐུ་གསུང་ཐུགས་རྟེན། དར། རས། ལིང༌། སྤུ་ཤུན་གྱི་རིགས་མང་པོ་དང༌། ལྗོན་འདབ་འཁོར་དྲུག་བཅུ། རྟ་དྲེལ་གཉིས་བཅས་ཕུལ་བ་དང༌། རྭ་སྒྲེང་ཏཱ་བླ་མར་ཡང་ཇ་གསར་གོང་འོས་ཕུལ་བ་དང༌། ཁྱད་པར་དགོན་དེའི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང༌། སྙན་དར་གང་ཟབ། འདུས་ཚོགས་སྤྱིར་མང་ཇའི་བསྙེན་བཀུར་རྣམས་ཟབ་པར་ཞུས་ཏེ་དཔལ་སྟག་ལུང་གི་ཆོས་གྲྭ་ཆེན་པོར་ཕེབས། སྟག་ལུང་བླ་མ་རིན་པོ་ཆེར་འབུལ་བ། རྟེན་གསུམ་ཡོངས་ལ་མཆོད་འབུལ། འདུས་ཚོགས་སུ་མང་ཇའི་བསྙེན་བཀུར་རྣམས་མཛད་ནས་དར་ལུང་གཉན་གྱི་ཕོ་བྲང་དང༌། རྡོ་རྗེའི་གནས་ཆེན་བྲག་ཡེར་པ་རྣམས་སུའང་གནས་མཇལ་དང་མཆོད་འབུལ་ལེགས་པར་མཛད་དེ། ཆོས་དང་སྲིད་ཀྱི་འབྱོར་པ་ཕུན་སུམ་ཚོགས་པའི་ཆུ་རྒྱུན་མཐའ་དག་གཅིག་ཏུ་འཁྱིལ་བའི་གནས། ཡུལ་དབུས་འགྱུར་འཆང་གི་ལྟེ་བ་ལྷ་ལྡན་དུ་ཁྲུམས་ཟླའི་ཚེས་བཅོ་ལྔའི་ཉིན་ཕེབས། ཐོག་མར་འཕགས་པ་ལག་ན་པདྨོའི་རྣམ་པར་འཕྲུལ་པ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཚུལ་ཁྲིམས་རྒྱ་མཚོའི་གསེར་ཞལ་རིན་པོ་ཆེ་