R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༥༢
[A:༤༥༢]གཉིས་ལ་སོགས་པའི་འབུལ་བ་དང༌། གཞན་ཡང་སྐབས་སུ་བབ་པའི་ཇ་གསར་དང༌། གནང་སྦྱིན་ལ་སོགས་པ་གང་ལ་གང་འོས་མཛད་དེ་དཔལ་སྟག་ལུང་གི་དགོན་པར་ཕེབས། སྟག་ལུང་བླ་མ་རིན་པོ་ཆེར་ལྗོན་ཇ་འཁོར་གཅིག་དང༌། རྟ་གཅིག་གི་གཙོས་པའི་ཚན་གྲངས་ཁ་ཤས། དགོན་དེའི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང༌། འདུས་ཚོགས་སུ་མང་ཇས་བསྙེན་བཀུར་བ་བཅས་བསྒྲུབས། དེ་ནས་རིམ་གྱིས་བྲག་ཡེར་པ་ལ་སོགས་པའི་ལམ་བར་གྱི་གནས་ཆེན་རྣམས་སུའང་མཆོད་འབུལ་རྒྱས་པར་མཛད་དེ། ཁྲུམས་ཀྱིས་ཉ་བའི་ཧོར་ཟླ་བརྒྱད་པའི་དཀར་ཕྱོགས་ཀྱི་དགའ་བ་གཉིས་པའི་ཉིན་ཆོས་ཚིགས་ཀྱིས་ཕྱེ་བའི་ཡུལ་དབུས་སུ་གྱུར་པ་བསིལ་ལྡན་ལྗོངས་ཀྱི་ལྟེ་བ་ལྷ་ལྡན་དུ་ཕེབས། དེ་སྐབས་ལྷ་ལྡན་དུ་འབྲུམ་འཕྲོས་ཐོར་ཙམ་ཡོད་པ་ལ་བརྟེན་བག་སང་གི་ཚུལ་དུ་དབུས་གཙང་ཀུན་བདེ་གླིང་དུ་ཞག་བདུན་ཙམ་བཞུགས་ཏེ། སྐབས་སུ་བབ་པ་ན་ཕོ་བྲང་ཆེན་པོ་པོ་ཏ་ལར་འཕགས་མཆོག་ལག་ན་པདྨོའི་རྣམ་འཕྲུལ་རྒྱལ་དབང་ཐམས་ཅད་མཁྱེན་པ་མཁས་གྲུབ་རྒྱ་མཚོའི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ལྷན་ཅིག །གསོལ་ཇ་བཞེས་འབྲས་དང༌། མཎྜལ་སྐུ་གསུང་ཐུགས་རྟེན། དར་རས་ལིང་ལ་སོགས་པའི་ཚན་གྲངས་དང་དངོས་ཆས་རིགས་རྒྱ་ཆེ་བ་དང༌། མ་ཧཱ་ཙི་ནའི་ཡུལ་གྱི་བཟང་ཇ་འཁོར་དྲུག་བརྒྱ་དང༌། དངུལ་ཊམ་སྲང་བརྒྱ། རྟ་དྲེལ་བཞི་ལ་སོགས་པ་ཕུལ་བ་དང༌། དེ་ནས་ལྷ་ལྡན་རང་གི་བཞུགས་མཚེར་དུ་ཕེབས་ནས་གངས་ལྗོངས་བསོད་ནམས་ཀྱི་འགྲོན་དུ་ཁུགས་པའི་སྲིད་སྐྱོང་རྭ་སྒྲེང་ཨ་ཆི་ཐུ་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱ་མཚོའི་གསེར་ཞལ་རིན་པོ་ཆེ་མཇལ་བ་དང་ཆབས་ཅིག །གསོལ་ཇ་བཞེས་འབྲས། མཎྜལ་སྐུ་གསུང་ཐུགས་རྟེན་གྱི་དོད་ཊམ་སྲང་བརྒྱད་དང༌། དར་