[A:༤༥༣]རས་གོས་ཆེན་ལ་སོགས་པའི་ཚན་གྲངས་དང་དངོས་ཆས་ཀྱི་རིགས་མང་པོ། བཟང་ཇ་འཁོར་དྲུག་བཞི་བཅུ། རིན་ཆེན་གཉིས་པ་ཊམ་སྲང་ལྔ་བཅུ། རྟ་དྲེལ་གཉིས་བཅས་ཕུལ་བར། ཕྱིར་ཡང་དེ་དག་ནས་འབུལ་སློག་རྒྱ་ཆེ་བ་དང༌། ལམ་ཡིག །དོས་རྟ། རྩྭ་ཤིང་སོགས་ཕོན་ཆེ་བ་དང༌། ཇ་ཁྲལ་རྩྭ་ཆག་སོགས་ཀྱི་གཟིགས་སྐྱོང་ཟླ་མེད་པར་སྩལ་བ་དང༌། ཀུན་བདེ་གླིང་གི་ཡོངས་འཛིན་རིན་པོ་ཆེའི་མདུན་བཟང་ཇ་འཁོར་དྲུག་གཅིག་དང༌། ཆིབས་པ་གཅིག་གི་གཙོས་པའི་ཚན་གྲངས་ཁ་ཤས་ཕུལ་བ་དང༌། གཞན་ཡང་བཀའ་ཤག་དང༌། སྤྱི་ཁྱབ་མཁན་པོ་དང༌། རྩེ་ཤོད་ཀྱི་གསོལ་གཟིམ་མགྲོན་གཉེར་རྣམས་དང༌། ལྷ་ས་བླ་བྲང་གི་ཕྱག་མཛོད་པ་དང༌། གཉེར་ཚང་པ་དང༌། རྩེའི་ཕྱག་མཛོད་པ་དང༌། གཉེར་ཚང་པ་དང༌། མི་དཔོན་དང༌། རྩྭ་གཉེར་དང༌། ཤིང་གཉེན་སོགས་ལའང་སོ་སོའི་གོ་བབ་དང་འདྲིས་ཟབ་ཆེ་ཆུང་དང་བསྟུན་པའི་ཇ་སར་གྱི་ས་བཅད་རེ་དང༌། ཁྱད་པར་དུའང་མཚན་གྱི་ཨུཏྤལ་རྣ་བའི་རྒྱན་དུ་ལན་ཅིག་སོན་པ་ཙམ་གྱིས་ཀྱང་འཁོར་བ་དང་ངན་སོང་གི་གཡང་ས་ལས་སྐྱོབ་པར་ནུས་པའི་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་སྐུ་བརྙན་རྣམ་པ་གཉིས་ཀྱི་མདུན་སྟོང་མཆོད་རྒྱས་པ་དང༌། དར་ཟབ་གྱ་ནོམ་པ་མང་པོའི་སྙན་ཤལ་དང༌། ཞལ་གསེར་གསོལ་བ་དང༌། གཞན་ཡང་ཕྱོགས་དེའི་ལྷ་ཁང་ཕལ་ཆེ་བར་གསེར་གསོལ་དང༌། མཆོད་འབུལ་རྒྱ་ཆེ་བ་དང༌། རྩེ་རྣམ་རྒྱལ་གྲྭ་ཚང༌། གླིང་ཁག་གསུམ་གྱི་གྲྭ་ཚང༌། བཞི་སྡེ། རྨེ་རུ། རྒྱུད་སྟོད་སྨད། འབྲས་སྤུངས་འདུས་སྤྱི། དེའི་ནང་གསེས་གླིང་ཁང་ཚན། སེ་ར་འདུས་སྤྱི། དེའི་བྱེ་བྲག་ཏྲེ་བོ་ཁང་ཚན་རྣམས་སུ་མང་ཇས་བསྙེན་བཀུར་བ་དང༌། སྨོན་ལམ་ཆེན་མོའི་སྐབས་ཀྱི་འདུས་ཚོགས་རིན་པོ་ཆེར་མང་ཇའི་བསྙེན་བཀུར་ཞུ་