[A:༤༥༡]བའི་རིགས་རྒྱུ་དཔངས་མི་དམན་པར་ཕུལ་བ་དང༌། ཕར་ཡང་དེ་དག་ལ་སྐབས་སུ་བབ་པའི་ཆོས་དང་ཟང་ཟིང་གིས་ཡིད་ཀྱི་དབང་པོ་ཡོངས་སུ་ཚིམ་པར་མཛད་ཅིང༌། འཕྲལ་ཡུན་གྱི་ལེགས་ཚོགས་གོང་འཕེལ་དུ་འགྱུར་བར་མཛད་དེ། དགུང་གྲངས་དྲུག་ཅུར་ཕེབས་པ་ལེགས་སྦྱར་གྱི་སྐད་དུ་ཀཱི་ལ་ཀ་ཞེས་པ་ཕུར་བུ་སྟེ་རྒྱ་རྩིས་པས་ས་ཕོ་སྤྲེའུའི་ལོའི་སྣྲོན་གྱི་ཟླ་བའི་དམར་ཕྱོགས་ཀྱི་གྲལ་ཚེས་ཉེར་དགུའི་ཉིན་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་འདི་ཉིད་དང༌། ཀུན་གཟིགས་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་པོ་དང་བཅས་སྟོན་འཁོར་རྣམས་དང༌། སྡེ་དགེ་ཆོས་རྒྱལ་མཆོག་གི་ཕེབས་སྐྱེལ་གྱི་ཚོགས་མཐའ་ཡས་པ་རྣམས་དང༌། ཁྱད་པར་ཨེ་ཝྃ་རང་དུ་མ་ཕེབས་བར་གྱི་ཞབས་འབྲྀང་བར་འཇུ་ཚ་བསོད་ནམས་སྟོབས་རྒྱལ་དཔོན་འཁོར་རྣམས་གཏོང་གནང་མཛད་པ་བཞིན། དེ་རྣམས་དང་བཅས་ཏེ་དཔལ་ལྡན་ལྷུན་གྲུབ་སྟེང་གི་རྒྱལ་ཁབ་ཆེན་པོ་ནས་ཆིབས་ཀྱི་གདོང་བསྒྱུར་ཏེ། ལམ་བར་དུ་འཁོད་པའི་འགྲོ་བ་འགའ་ཞིག་ལའང་ཆོས་ཀྱི་བདུད་རྩི་ཅི་རིགས་པ་སྩོལ་བཞིན་པའི་སྒོ་ནས་རིམ་གྱིས་ཤིན་ཏུ་བགྲོད་པར་དཀའ་བའི་ཆུ་བོ་དང༌། ལ་ལུང་མང་པོ་བརྒལ་ཏེ་གྲོ་བཞིན་ཟླ་བའི་ཤར་ཕྱོགས་ཀྱི་རྒྱལ་བ་གཉིས་པར་བཀྲ་ཤིས་དབུ་མ་ཐང་དུ་གཅུང་མཛོད་པ་ནོར་ལྡན་ཤེས་རབ་བཟང་པོ་དཔོན་འཁོར་གྱི་ཆིབས་བསུ་དང་མཇལ་འཛོམ་གནང་ནས་སྐུ་མཆེད་ལྷན་ཅིག་ཏུ་ཐོག་མར་བྱང་རྭ་སྒྲེང་གི་ཆོས་གྲྭ་ཆེན་པོར་ཕེབས། དེར་བཞུགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་དུ་འཕགས་པ་རྣམས་ཀྱི་དྲུང་དུ་བརྒྱ་མཆོད་རྣམ་ལྔ་དང༌། དགེ་འདུན་འདུས་པ་རྒྱ་མཚོར་མང་ཇས་བསྙེན་བཀུར་བ་དང༌། རྭ་སྒྲེང་བླ་བྲང་དུ་མཎྜལ་སྐུ་གསུང་ཐུགས་རྟེན་དང༌། དར་རས་ལིང་ལ་སོགས་པའི་ཚན་གྲངས་འགའ་ཞིག་དང༌། ལྗོན་ཇ་འཁོར་གཅིག །རྟ་དྲེལ་