[A:༤༥༤]བའི་དོད་དུ་བཟང་ཇ་འཁོར་དྲུག་སུམ་ཅུ་སོ་ལྔ་ལྷ་ས་བླ་བྲང་གི་ཕྱག་མཛོད་པར་ཕུལ་བ་དང༌། ཕྱག་དང་སྐོར་བ་ལ་སོགས་པའང་ཅི་རིགས་པར་མཛད་དེ་མདོར་ན་བསོད་ནམས་ཀྱི་ཚོགས་དབྱར་གྱི་ཆུ་གཏེར་བཞིན་དུ་དར་ལ་བབས་པར་མཛད་ནས་ཟླ་དེའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་ལྷ་ལྡན་ནས་ཆིབས་བཏེག་སྟེ། ཚལ་གུང་ཐང་དང༌། བསམ་ཡས་གཡའ་མ་ལུང་དང༌། མཆིམས་ཕུ་དང༌། བསམ་ཡས་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ལ་སོགས་པ་རྣམས་དང༌། རྩེ་ཐང་དང༌། ཁྲ་འབྲུག་དང༌། ཡར་ཀླུང་སྐོར་གྱི་གནས་ཡོངས་སུ་རྫོགས་པ་དང༌། བཙན་ཐང་གཡུ་ཡི་ལྷ་ཁང་དང༌། བྱ་ས་ལྷ་ཁང་ལ་སོགས་པ་དང༌། སྨིན་གྲོལ་གླིང་དང༌། གྲྭ་བྱམས་པ་གླིང་དང༌། གཞུང་སྤེ་ཤིང་དང༌། གོང་དཀར་རྡོ་རྗེ་གདན་ལ་སོགས་པ་དེ་སྐོར་གྱི་གནས་རྣམས་དང༌། འབྲུག་ར་ལུང་དང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེ་ལ་སོགས་པ་མདོར་ན་གནས་དེ་ཐམས་ཅད་ཀྱི་རྟེན་གསུམ་ཡོངས་ལ་མཆོད་འབུལ་དང༌། དར་གོས་གྱ་ནོམ་པ་མང་པོའི་སྙན་ཤལ་དང༌། ཁྱད་པར་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ། བཟང་ངན་དང་མཆོག་དམན་གྱི་ཁྱད་པར་དབྱེར་མི་བཏུབ་ནའང་བཞེང་པ་པོའི་གང་ཟག་དང༌། རྒྱུ་དང་ཚད་དང་མཚན་ཉིད་ཀྱི་ཁྱད་པར་དང༌། རབ་ཏུ་གནས་པའི་དུས་སུ་ཡེ་ཤེས་ཀྱི་འཁོར་ལོ་ཕེབས་པའི་ལྟས་དང་མཚན་མ་མཐོང་བའི་ཁྱད་པར་ལ་སོགས་པའི་སྒོ་ནས་གྲགས་ཆེ་ཆུང་དུ་བྱེད་པ་ལྟར། རྟེན་གསུམ་གྲགས་ཆེ་བ་ཕལ་མོ་ཆེར་ཞལ་གསེར་གསོལ་བ་དང༌། ཉེ་བར་སྤྱོད་པའི་མཆོད་པའི་ཕྲེང་བ་ཚར་དུ་དངར་བ་བརྒྱ་ཕྲག་དུ་བརྩེགས་པ་དང༌། འགའ་ཞིག་ཏུ་སྟོང་ཕྲག་ཏུ་ལོངས་པར་མཛད་པ་དང༌། དེ་བཞིན་དུ་དགོན་པ་དེ་རྣམས་ཀྱི་བླ་མ་མཚན་གྲགས་ཆེ་བ་རྣམས་ལ་དཔེར་མཚོན་ན། སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་དང༌། གོང་དཀར་མཆོག་