R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༥༥
[A:༤༥༥]སྤྲུལ་རིན་པོ་ཆེ་སོགས་ལ་བཟང་ཇ་འཁོར་དྲུག་གཉིས་རེ་དང༌། རྟ་རེ་རེའི་གཙོས་པའི་ཚན་གྲངས་ཁ་ཤས་རེ་དང༌། ཡར་ཀླུང་བཀྲ་ཤིས་ཆོས་སྡེའི་མཆོག་སྤྲུལ་རིན་པོ་ཆེའི་མདུན་བཟང་ཇ་འཁོར་དྲུག་གསུམ་དང༌། རྟ་གཉིས་ཀྱི་གཙོས་པའི་ཚན་གྲངས་ཁ་ཤས་དང༌། སྒྲགས་ཡང་རྫོངས་སུ་མདོ་སྔགས་སྨྲ་བའི་ཁྱུ་མཆོག་ཆེན་པོ་སྙིགས་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་ལྟ་བུ་རྒྱལ་སྲས་གཞན་ཕན་མཐའ་ཡས་བཞུགས་པའི་མདུན་དུ་རྒྱ་དངུལ་འདེགས་སྲང་ཉེར་ལྔ་དང༌། བཟང་ཇ་འཁོར་དྲུག་ལྔའི་གཙོས་པའི་ཚན་གྲངས་ཁ་ཤས་བཅས་ཕུལ་བ་ལྟ་བུས་མཚོན་བླ་མ་མཚན་གྲགས་ཆེ་བ་རྣམས་སུ་དེ་ལུགས་ཀྱི་འབུལ་བ་ཟབ་པ་དང༌། བླ་མ་ཆུང་གྲས་རྣམས་སུའང་བཟང་ཇ་སྦག་གཉིས་གསུམ་རེའི་གཙོས་པའི་ཚན་གྲངས་ཁ་ཤས་བཅས་འབུལ་བར་མཛད་པ་དང༌། དེ་བཞིན་དུ་དགོན་སྡེ་ཆེ་རྀགས་རྣམས་སུ་མང་ཇ་གྲལ་འགྱེད་དང་བཅས་པ་དང༌། དགོན་པ་ཆུང་གྲས་རྣམས་སུ་མང་ཇ་གཉིས་གསུམ་རེ་མ་ཆད་པར་སྩལ་བ་དང༌། རྒྱལ་རྩེ་གུར་པ་གྲྭ་ཚང་པར་མང་ཇ་གྲལ་འགྱེད་དང་བཅས་པའི་སྟེང་ཐུབ་པའི་དབང་པོའི་སྐུ་བརྙན་གསེར་ཟངས་ལས་གྲུབ་པ་ཁྲུ་གང་ཙམ་དང༌། བཟང་ཇ་འཁོར་དྲུག་གཅིག་དང༌། རྟ་བཅས་སྦྱོར་འཇགས་སྩལ་བ་སོགས་སྙིང་པོས་དབེན་པའི་ཟང་ཟིང་གི་དངོས་པོ་རྣམས་ཀྱང་འདིའི་དོན་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་བའི་སྙིང་པོ་ཤིན་ཏུ་ལྕི་བའི་རང་བཞིན་ཙམ་དུ་མཛད་དོ། །དེ་ནས་ཧོར་ཟླ་བཅུ་པའི་ཚེས་བཞིའི་ཉིན་གཞིས་རྩེར་ཕེབས། དེ་སྐབས་ཞྭ་སེར་གྱི་ཅོད་པན་འཛིན་པ་རྣམས་ཀྱི་གཙུག་རྒྱན་པཎ་ཆེན་ཐམས་ཅད་མཁྱེན་པ་ཆེན་པོ་སྐུའི་འཕྲོད་བཞེས་ཀྱི་ཆབ་ཚན་ཏུ་ཕེབས་ཏེ་བཀྲས་ལྷན་དུ་མ་བཞུགས་པར་བརྟེན། དེ་སྐོར་དུ་མཆོད་འབུལ་དང་