[A:༤༥༦]བསྙེན་བཀུར་བ་སོགས་རྗེས་སུ་མཛད་རྒྱུའི་དགོངས་པ་གཏད་དེ་ཟླ་དེའི་ཚེས་དྲུག་གི་ཉིན་སྤྱི་དང་བྱེ་བྲག་གི་ཆིབས་བསུ་དང༌། ཐབ་བསུ་དང༌། དགེ་འདུན་འདུས་པ་རྒྱ་མཚོའི་སེར་སྦྲེང་གི་ཚོགས་དང་བཅས་པ་མཐོང་བའི་མོད་ལ་ཡིད་ཀྱི་བརྟན་པ་མཐའ་དག་ཅིག་ཅར་དུ་འཕྲོག་པར་ནུས་པ་རྣམས་ཀྱིས་མདུན་བསུས་ཏེ་ལུང་རྟོགས་ཆོས་ཚུལ་རྒྱ་མཚོའི་འབྱུང་གནས་འོག་མིན་གཉིས་པ་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཉེ་ཞོའི་དྲི་མས་མ་གོས་པར་བདེ་བར་ཕེབས་པར་གྱུར་ཏོ། །དེ་ནས་ཀྱང་རིམ་གྱིས་གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་དཔལ་ཨེ་ཝྃ་ཆོས་ལྡན་གྱི་བླ་བྲང་ཁག་ལ་འབུལ་བ་རྣམས་བསྟད་པར་མཛད་དེ། དེའང་མདོ་སྔགས་ཆོས་ཚུལ་རྒྱ་མཚོའི་སྣང་བྱེད་ཁང་སར་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་བསྟན་འཛིན་པས་འདི་ལོ་ཨེ་ཝྃ་པའི་མཁན་ས་རྩིས་སྤྲོད་གནང་རྒྱུ་ཡིན་ནའང༌། དེ་སྔོན་རྩིས་སྤྲོད་མ་གྲུབ་པར་བརྟེན། ཨེ་ཝྃ་བླ་བྲང་གཞུང་དུ་རྗེ་རྒྱལ་བ་གཉིས་པའི་རྒྱལ་ཚབ་མཁན་རིན་པོ་ཆེ་དེ་ཉིད་ཀྱི་དྲུང་དུ་སྐུ་གསུང་ཐུགས་ཀྱི་རྟེན་ཁྱད་པར་དུ་འཕགས་པ་དང༌། ཚན་གྲངས་དང་མཆོད་ཆ་སོགས་དངོས་ཆས་ཀྱི་རིགས་ཤིན་ཏུ་མང་བ། རིན་གཉིས་འཁོར་ལོ་སྲང་ལྔ་བཅུ། བཟང་ཇ་འཁོར་དྲུག་ཉེར་ལྔ། རྟ་དྲེལ་ལྔ་ལ་སོགས་པ་ཕུལ་བ་དང༌། ཨེ་ཝྃ་ཕན་བདེར་གྲུབ་པའི་འཁོར་ལོས་སྒྱུར་བ་མཁན་རིན་པོ་ཆེ་བྱམས་པ་དཔལ་ལྡན་བཟང་པོ་དང༌། ཀུན་དགའ་བསྟན་པའི་བློ་གྲོས་ལྷན་རྒྱས་པའི་མདུན་དང༌། ཀླུ་ལྡིངས་བླ་བྲང་དུ་བསྟན་དང་འགྲོ་བའི་དཔལ་གྱུར་ཞབས་དྲུང་རིན་པོ་ཆེ་བྱམས་པ་ཚུལ་ཁྲིམས་ཕུན་ཚོགས་པ་དང༌། བླ་བྲང་ཕུན་ཚོགས་ཁང་སར་དུ་སྨྲ་བའི་ཉིན་བྱེད་གཞོན་ནུ་ཞབས་དྲུང་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱ་མཚོ་པ་སྟེ་དེ་དག་རེ་རེའི་མདུན་དུའང་སྐུ་གསུང་ཐུགས་ཀྱི་རྟེན་དང༌། ཚན་གྲངས་དང་དངོས་ཆས་ཀྱི་རིགས་མང་བ། རིན་གཉིས་འཁོར་