R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༥༩
[A:༤༥༩]དང༌། རྗེ་བཙུན་མ་སྐུ་ཆུང་སོ་སོར་བཟང་ཇ་སྦག་གཉིས་རེའི་གཙོས་པའི་ཚན་གྲངས་ཁ་ཤས་རེ་དང༌། ཞབས་པད་མདུན་གཞུང་འབུལ་རྟ་གཅིག་དང༌། བཟང་ཇ་འཁོར་དྲུག་གཉིས་ཀྱི་གཙོས་པའི་ཚན་གྲངས་དང༌། ལྷ་ཁང་མཁན་རིན་པོ་ཆེའི་མདུན་དུ་བཟང་ཇ་འཁོར་དྲུག་གཅིག་དང༌། གཞན་ཡང་གསོལ་གཟིམ་དང༌། མགྲོན་གཉེར་དང༌། དྲུང་ཡིག་དང༌། ལྡེ་ཕྱུང་བ་དང༌། རྩྭ་གཉེར་དང༌། ཤིང་གཉེར་སོགས་ལའང་འདྲིས་ཟབ་ཆེ་ཆུང་དང་བསྟུན་པའི་ཇ་གསར་སྐབས་སུ་གང་བབ་རེ་དང༌། ཁྱད་པར་ཕྱོགས་དེའི་རྟེན་གསུམ་བྱིན་རླབས་ཀྱི་གཟི་འོད་འབར་བ་རྣམས་ཀྱི་དྲུང་དུ་མཆོད་འབུལ་དང༌། གསེར་གསོལ་དང༌། དར་གོས་གྱ་ནོམ་པ་མང་པོའི་སྙན་ཤལ་དང༌། སྤྲུལ་པའི་ལྷ་ཁང་ཆེན་མོར་མང་ཇ་གྲལ་འགྱེད་དང་བཅས་པའི་བསྙེན་བཀུར་རྒྱ་ཆེར་བསྟབས་ཏེ་ཧོར་ཟླ་བཅུ་གཅིག་པའི་ཡར་ངོའི་ནང་ཨེ་ཝྃ་དུ་ཕེབས། དེ་ནས་ཀྱང་རིམ་གྱིས་གཙང་ཕྱོགས་ཀྱི་ཆོས་གྲྭ་རྣམས་ཀྱི་ནང་ནས། ཇི་ལྟར་རྒྱུ་སྐར་གྱི་ཁྲོད་ན་ཟླ་བའི་དཀྱིལ་འཁོར་ལྟ་བུར་གྱུར་པ་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ཕེབས་ཏེ། དེར་ཡང་པཎ་ཆེན་ཐམས་ཅད་མཁྱེན་པ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མའི་མཚན་དཔེའི་དཀྱིལ་འཁོར་མཇལ་བ་དང་ལྷན་ཅིག །གསོལ་ཇ་བཞེས་འབྲས་བཅས་ཀྱི་སྟེང་མཎྜལ་སྐུ་གསུང་ཐུགས་རྟེན་དང༌། དར་རས་ལིང་གོས་ཆེན་གྱི་རིགས། སྤུ་ཤུན་སོགས་ཚན་གྲངས་མང་པོ། མཆོད་ཆ་དང་དངོས་ཆས་ཀྱི་རིགས་སྣ་ཚོགས་པ་དང༌། རྒྱ་དངུལ་འདེགས་སྲང་ཉེར་ལྔ། བཟང་ཇ་འཁོར་དྲུག་ཉེར་ལྔ། རྟ་དྲེལ་གསུམ་བཅས་ཕུལ་བ་དང༌། ཞབས་པད་མདུན་དུ་བཟང་ཇ་འཁོར་དྲུག་ལྔ་དང༌། རྟ་གཅིག་བཅས་དང༌། གཞན་ཡང་རྩེའི་གསོལ་གཟིམ་མགྲོན་གཉེར་ཕྱག་མཛོད་སོགས་ལའང་འདྲིས་ཟབ་ཆེ་ཆུང་དང་བསྟུན་པའི་ཇ་སར་གྱི་ས་