R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༦༠
[A:༤༦༠]བཅད་རེ་དང༌། ཁྱད་པར་དགོན་དེའི་རྟེན་གསུམ་ཁྱད་པར་དུ་འཕགས་པ་རྣམས་ལ་གསེར་གསོལ་དང༌། མཆོད་འབུལ་དང༌། འདུས་ཚོགས་སྤྱི་ལ་མང་ཇས་བསྙེན་བཀུར་བ་དང༌། དེའི་ནང་གསེས་རྒྱ་ཁང་ཚན་པར་མང་ཇ་དང་ཇ་སར་སོགས་ཟབ་པར་མཛད་དེ་སླར་ཡང་རང་གནས་གདན་ས་ཆེན་པོ་དཔལ་ཨེ་ཝྃ་ཆོས་ལྡན་དུ་ཕེབས། དེ་ནས་དགུང་གྲངས་རེ་གཅིག་ཏུ་ཕེབས་པ་ས་བྱ་ཆོ་འཕྲུལ་ཟླ་བའི་ཡར་ངོའི་ཚེས་གཅིག་ནས་བརྩམས་ཏེ་ཨེ་ཝྃ་པའི་ལྷ་ཁང་ཁག་ཐམས་ཅད་དུ་མཆོད་འབུལ་ཤིན་ཏུ་རྒྱ་ཆེ་བ་དང༌། ཁྱད་པར་གཙུག་ལག་ཁང་ཆེན་པོར་དགེ་འདུན་དྲུག་བརྒྱ་སྐོར་ཚོགས་པ་ཐམས་ཅད་ཉིན་བཅོ་བརྒྱད་ཀྱི་བར་དུ་བསྙེན་བཀུར་བར་མཛད་དེ། དེའང་ཉིན་རེ་བཞིན་ཉེ་བར་སྤྱོད་པའི་མཆོད་པའི་ཕྲེང་བ་བརྒྱ་ཕྲག་ཏུ་བརྩེགས་པ་དང་ཆབས་ཅིག །བླ་མ་མཆོད་པ་དང༌། ངན་སོང་སྦྱོང་བའི་རྒྱུད་ནས་བསྟན་པའི་ཀུན་རིག་རྩ་བའི་ལྷ་སུམ་ཅུ་རྩ་བདུན་མགྲོན་ཐབས་ཀྱི་ལྷ་དང་བཅས་པ་དང༌། གྲུབ་ཆེན་ཛེ་ཏཱ་རིས་བཀྲལ་བའི་ཚེ་དཔག་མེད་ལྷ་དགུའི་སྒྲུབ་མཆོད་རྣམས་ལེགས་པར་བཙུགས་ཏེ་ཉིན་རེ་བཞིན་དགེ་སློང་ཉི་ཤུ་རེ་ལ་ཕྱག་འགྱེད་ལྗོན་འདབ་ཞབས་རྩེ་སྦག་རེ་ཕུལ་བ་ཉིན་བརྒྱད་དང༌། དེ་འཕྲོས་ཉིན་བཅུ་ལ་ཉིན་རེ་བཞིན་གྲྭ་པ་རེ་ལ་ཡོན་འབུལ་དངུལ་སྐར་ལྔ་དང༌། ཊམ་ཕྱེད་རེད་དང༌། དངུལ་ཞོ་རེ་དང༌། དངུལ་ཊམ་རེ་བཅས་རེ་མོས་ཀྱི་ཚུལ་དུ་ཕུལ་བ་དང༌། གཙུག་ལག་ཁང་དུ་གོས་ཆེན་མཛོད་ཇུས་མཚལ་ཁའི་འཕན་གཉིས་དང༌། གོས་ཆེན་རྒྱན་བཞི་སྔོ་ཁྲའི་བླ་བྲེ་ཤིན་ཏུ་ལེགས་པ་དང༌། རྒྱ་དངུལ་འདེགས་སྲང་བརྒྱ་དང་སུམ་བཅུ་ལས་གྲུབ་པའི་དངུས་ལྟིར་ཆ་བཅས་གསར་སྦྱོར་མཛད་པ་དང༌། དེ་ལྟ་བུའི་དགེ་ཚོགས་རྣམས་བར་མ་དོར་ཆུད་མི་འཛའ་བའི་སླད་དུ་ཨེ་ཝྃ་པའི་ཆོས་ཀྱི་རྒྱལ་སྲིད་ཆེན་པོར་གསར་དུ་མངའ་གསོལ་བའི་ཕན་ཁང་མཁན་རིན་པོ་ཆེ་ཀུན་དགའ་བསྟན་པའི་བློ་