[A:༤༦༥]དོན་མཐུན་ཚིག་གིས་སྐབས་ཕྱེས་ནས། །དབུས་གཙང་ལྗོངས་སུ་གཤེགས་པར་བརྩམས། །དེ་ཚེ་དད་པའི་རྩ་བརྟན་ཞིང༌། །གཏོང་བའི་ཡལ་འདབ་རིང་བསྐྱོད་པའི། །དཔག་བསམ་ཤིང་འདྲའི་སྐྱེ་བོ་ཡིས། །སླར་ཡང་མཆོད་ཅིང་སྨོན་ལམ་བཏབ། །དེ་ནས་བྱེ་རུའི་འཁྲི་ཤིང་ཚོགས། །རླུང་གིས་དལ་བུར་བསྐྱོད་པའམ། །འོན་ཏེ་ཐུབ་དབང་དགྲ་བཅོམ་པའི། །འཁོར་གྱིས་བསྐོར་བཞིན་མཛེས་པར་གཤེགས། །ཆོས་ཀྱི་སྣང་བར་རབ་སྦྱིན་པའི། །ཉིན་མོའི་དཔལ་དེ་གཞན་གཤེགས་པས། །ཕྱོགས་དེར་མུན་པས་བཀབ་པ་བཞིན། །བླང་དོར་མིག་ནི་ཟུམ་པར་གྱུར། །རིམ་གྱིས་ཁྱོད་ཞབས་པདྨ་དཀར། །དབུས་གཙང་ལྗོངས་སུ་ཉེར་བཀོད་པས། །ཕྱོགས་དེའི་དགའ་སྟོན་རབ་འཕེལ་བ། །ཉི་མས་ཕྱེས་པའི་པདྨོ་བཞིན། །དེ་ན་མཆོད་དང་སྦྱིན་པ་ཡི། །སྔོན་མེད་གཏེར་གྱི་ཁ་ཕྱེས་པས། །སྔོན་བྱོན་གཏོང་ཕོད་ཅན་རྣམས་ཀྱི། །གྲགས་པའང་ཟིལ་གྱིས་གནོན་པ་བཞིན། །ཨེ་མ་མཆོད་པའི་སྤྲིན་སྤྲོ་བའི། །ཀུན་ཏུ་བཟང་དེ་འདི་མིན་ནམ། །གཞན་དུ་མི་ཟད་གཏོང་བའི་སྒོ། །ཅིག་ཅར་དབྱེ་འདི་ག་ལ་འོང༌། །ཟབ་རྒྱས་ཆོས་ཀྱིས་འགྲོ་བ་རྣམས། །སྨིན་གྲོལ་ལམ་ལ་རབ་བཀོད་པས། །སྙིགས་མ་ལྔ་བདོའི་གྲགས་པ་ཡང༌། །སྐྱེངས་ཏེ་ས་ལ་ཐིམ་མམ་སྙམ། །གཟོད་ནས་ཐམས་ཅད་མཁྱེན་པ་ཡི། །ནོར་བུའི་གླིང་དུ་བགྲོད་ཟིན་ཀྱང༌། །ད་དུང་ཐོས་བསམ་སྒོམ་པའི་གྲུར། །འཇུག་འདི་གཞན་ལ་སློབ་ཕྱིར་ངེས། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱང༌། །ཡེ་ཤེས་སེམས་དཔར་བྱིན་བརླབས་པས། །ལོངས་སྐུའི་ཞིང་དང་ལྗོངས་འདི་ཞེས། །འབྱེད་ལ་ཚངས་པའང་ངལ་གྱིས་དོགས། །མདོར་ན་རྣམ་དཀར་ཕྲིན་ལས་ཀྱི། །གདུགས་དཀར་ཉིན་བཞིན་བསྒྲེང་བ་ཡིས། །གྲགས་པའི་རི་མོ་རྣམ་བཀྲ་བ། །ཕྱོགས་ཀྱི་གདོང་ལ་འབྲི་བ་