[A:༤༦༤]གྲལ་འགྱེད་དང་བཅས་པ་དང༌། བཞད་བཀྲ་ཤིས་དགེ་འཕེལ་དང༌། དངུལ་ཆུ་ཆོས་རྫོང་དང༌། གྲུ་འཛིན་ལ་སོགས་པ་དང༌། གཞན་ཡང་ཕྱོགས་དེར་བཙུན་མའི་དགོན་པ་མང་དུ་མཆིས་པ་དེ་ཐམས་ཅད་ལའང་མང་ཇ་གཉིས་གསུམ་རེ་མ་ཆད་པར་སྩལ་ཏེ་དགེ་ཚོགས་གོང་འཕེལ་དུ་མཛད་པ་དང༌། གཞན་ཡང་སྔ་ཕྱིར་བདུད་རྩི་རིལ་བུ་ཆིག་སྒྲུབ་ལན་ཁ་ཤས་མཛད་པ་དང༌། ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་གཙོ་བོར་བཞུགས་པའི་ཞལ་ཐང་སྒྲོས་གཙང་ཤིན་ཏུ་ཆེ་བ་ཞིག་བཞེངས་ཏེ་རབ་ཏུ་གནས་པའི་སྒོ་ནས་བྱིན་རླབས་ཀྱི་གཟི་འོད་འབར་བར་མཛད་ཅིང༌། ཨེ་ཝྃ་པའི་གཙུག་ལག་ཁང་དུ་སྦྱོར་འཇགས་སྩལ་བ་དང་ལྷན་ཅིག་དགེ་འདུན་འདུས་པ་རྒྱ་མཚོར་མང་ཇ་གྲལ་འགྱེད་དང་བཅས་པའི་བསྙེན་བཀུར་ཟབ་པར་མཛད་པ་དང༌། བྲང་ཏི་པཎ་ཆེན་གྱིས་མཛད་པའི་འདུལ་བའི་ལས་ཆོག་གི་ཡིག་ཆ་དེར་ཚིག་སྦྱོར་བདེ་མིན་ཕྲན་བུ་ཡོད་པ་དང༌། ཁྱད་པར་ཡིག་ཆ་དེ་སྤར་དུ་མ་འཁོད་པའི་སྐྱོན་གྱིས་ཕྱིས་སུ་ཡིག་ནོར་གྱི་སྐྱོན་མང་བ་དང༌། ལུང་རྒྱུན་ཀྱང་མི་བཞུགས་པར་བརྟེན། མཁས་པའི་དབང་པོ་འཇམ་པའི་དབྱངས་ངག་དབང་ལེགས་གྲུབ་པར་རབ་བྱུང་གི་གཞིའི་ཆོ་ག་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སུ་གྲགས་པ་དེ་ཐོག་མར་རྩོམས་པར་བསྐུལ་ཞིང༌། སླད་ནས་ཀྱང་ཡིག་ཆ་དེ་ཉིད་སྤར་དུ་སྤེལ་བ་སོགས་མདོར་ན་རྣམ་པར་དཀར་བའི་ཕྲིན་ལས་ཁོ་ནས་དུས་འདའ་བར་མཛད་པས་རེ་རེ་ནས་སྨོས་ཀྱིས་མི་ལང་བ་ཡིན་ནོ། །སྙིང་པོས་དབེན་པའི་ནོར་རྫས་རྣམས། །འདོད་དང་ལྡན་ལ་སྡུག་བསྔལ་རྒྱུ། །འདི་ཡི་ངོར་ནི་བླ་མེད་ཀྱི། །བྱང་ཆུབ་ཐོབ་པའི་རྒྱུ་རུ་མཆིས། །གང་ལ་དད་པའི་ལག་པ་ཡིས། །རང་རང་བདོག་པའི་མེ་ཏོག་ཀུན། །བཏུས་ནས་གུས་པས་གཏོར་བ་རྣམས། །བསོད་ནམས་ཕུང་པོར་བསྒྱུར་བའི་སླད། །སྡེ་བཞི་དགེ་བཅུའི་རྒྱལ་ཁབ་ཀྱི། །མི་བདག་ཚངས་པའི་སྤུན་ཟླ་དེར། །