R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༦༦
[A:༤༦༦]བཞིན།། །།སྤྱི་དོན་བཞི་པ་གཞུང་ས་དགའ་ལྡན་ཕོ་བྲང་པ་ཆེན་པོས་ཆེན་པོར་འོས་པའི་མཚན་དང་ཡོ་བྱད་ཀྱིས་ཆེན་པོའི་གོ་སར་མངའ་གསོལ་ནས་རྣམ་པར་དཀར་བའི་ཕྲིན་ལས་ཇི་ལྟར་མཛད་པའི་ཚུལ་ནི། ཞིབ་པར་གཅེན་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་རྣམ་ཐར་དུ་གསལ་བ་ལྟར། སྤྱིར་ཐར་རྩེའི་བླ་མ་རིམ་བྱོན་ཐམས་ཅད་ཀྱིས་རྒྱལ་བསྟན་སྤྱི་དང་བྱེ་བྲག་རྣམས་དང༌། ཁྱད་པར་གཞུང་ས་དགའ་ལྡན་ཕོ་བྲང་པ་བཅས་སུ་རྣམ་ཀུན་ཕན་ཐོགས་གང་ཆེ་བྱུང་བར་མ་ཟད། ལོ་སྔ་མ་ཤིང་ཡོས་དང་མེ་འབྲུག་གཉིས་སུ་གོར་བོད་དམག་འཁྲུགས་རྒྱ་ཆེན་བྱུང་བའི་དུས་འབྱོར་ལྡན་རྣམས་ལ་དམག་ཕོགས་ཀྱི་ཡོད་འདོན་འགེལ་སྐབས་ཀྱང༌། ཐར་རྩེ་ནས་དངོས་འབུལ་ཕོན་ཆེར་བྱུང་བ་བཅས་ཀྱི་གཟིགས་བཟོས་སུ། ཐར་རྩེ་རང་གི་བླ་རབས་རིམ་ཅན་ལ་ཤ་འཛིན་ནི་ཐིག་ཐིག་གུ་ཆི་མཁན་པོ་ཞེས་པའི་ཆོ་ལོ་དང༌། ཐམ་ཁ་ཆེ་ཆུང་སོགས་ཆེན་པོར་འོས་པའི་ཡོ་བྱད་མང་པོ་སྩལ་བ་ལྟར། སྤྱིར་དོན་དམ་པའི་དབང་དུ་བྱས་ན་བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདི་དག་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སྲིད་པ་དང་ཞི་བའི་མཐའ་ལ་མི་གནས་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་དམ་པ་བརྙེས་ཟིན་པས་ཚེ་འདི་སྣང་གི་གོ་ས་དང༌། ཐོབ་ཐང་སོགས་ལ་ལྟོས་དགོས་པ་མིན་ནའང༌། ཐ་སྙད་ཀུན་རྫོབ་ཏུ་འཇིག་རྟེན་ཚུ་རོལ་མཐོང་བ་རྣམས་ཀྱི་སྣང་ཚུལ་དང་བསྟུན་ཏེ། གཅེན་མཁན་ཆེན་རྡོ་རྗེ་འཆང་དགུང་གྲངས་གྱ་གཉིས་སུ་ཕེབས་ཤིང༌། རྗེ་འདི་དགུང་གྲངས་རེ་དགུར་སོན་པ་མེ་མོ་སྦྲུལ་གྱི་ལོའི་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་ལྔའི་ཉིན། དགེ་སློང་འགའ་ཞིག་གིས་སྐུ་ཚེ་བརྟན་བཞུགས་ཆོ་ག་འབུལ་བ་དང་ཆབས་ཅིག །བཤད་མ་ཐག་པའི་ཆེན་པོར་འོས་པའི་མཚན་དང༌། ཡོ་བྱད་རྣམས་དང༌། གཞན་ཡང་ལེགས་འབུལ་