R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༦༧
[A:༤༦༧]གྱི་ཚོགས་དང་བཅས་པའི་སྒོ་ནས་བོད་གངས་ཅན་གྱི་མཁན་པོ་ཆེ་གྲས་སུ་མངའ་གསོལ་བར་གྱུར་ཏོ། །དེ་ནས་བཟུང་སྟེ་དགུང་གྲངས་དོན་དྲུག་པ་ཤིང་བྱི་ལོའི་བར་གཙོ་བོར་ཐུགས་དམ་ཁོ་ན་ལ་གཞོལ་བར་མཛད་ཅིང༌། བཀའ་ཆོས་ཀྱང་རྗེས་གནང་གི་སྐོར་འགའ་ཞིག་དང༌། ལྗགས་ལུང་གི་སྐོར་ཁ་ཡར་ལས་རྒྱ་ཆེ་རིགས་མ་སྩལ། སྔ་ཕྱིར་སྐུའི་འཕྲོད་བཞེས་ཀྱི་ཆུ་ཚན་དུ་ཚར་གཉིས་ཙམ་ཕེབས་ཤིང༌། དེའི་ནང་ཚན་ལྕགས་བྱ་ལོར་རྟ་ནག་འབུར་ཆུ་ཚན་དུ་ཕེབས་སྐབས་རྟ་ནག་ཐུབ་བསྟན་དང༌། འགོས་ལོ་ཙཱ་བ་ཆེན་པོའི་སྒྲུབ་གནས་ཞལ་གཟིགས་ཕུག་ཏུ་གྲགས་པ་སོགས་དེ་སྐོར་གྱི་གནས་ཆེན་དང་དགོན་ཁག་རྣམས་སུ་མཆོད་འབུལ་དང༌། མང་ཇ་གྲལ་འགྱེད་ལ་སོགས་པའི་བསྙེན་བཀུར་ཕུན་སུམ་ཚོགས་པ་སྩལ་བ་དང༌། ཁྱད་པར་ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་གཅེན་མཁན་ཆེན་ཐམས་ཅད་མཁྱེན་པ་དེ་ཉིད་ལོ་སྔ་མ་ལྕགས་བྱ་ཧོར་ཟླ་བཞི་པའི་མཇུག་ནས་བཟུང་སྐུ་ཁམས་ཤིན་ཏུ་བསྙེལ་བའི་ཚུལ་བཞེས་རུང༌། གསོལ་སྨན་གྱི་འཕྲོད་བཞེས་དང༌། ཞབས་བརྟན་གྱི་རིགས་རྒྱ་གང་ཆེ་མཛད་པར་བརྟེན་རིམ་གྱིས་སྐུ་ཁམས་ཅུང་ཟད་དྭང་བའི་ཚུལ་བསྟན་པར་གྱུར་ནའང༌། སླར་ཡང་བསྟན་འགྲོའི་བསོད་ནམས་ཀྱིས་མ་འཆུན་པར་ཆུ་ཁྱི་ཧོར་ཟླ་གསུམ་པ་སྔ་མའི་ཚེས་བཅུ་བདུན་གྱི་ཉི་དྲོས་ཙམ་ལ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་བསྟན་པས་ཤིན་ཏུ་སྐལ་བ་དམན་པའི་དུས་ངན་དེ་ལྟ་བུ་བྱུང་བར་བརྟེན། དེ་སྐོར་གྱི་དགོངས་རྫོགས་རྣམས་ཀྱང་གོང་དུ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ་བ་ལྟར་ཤིན་ཏུ་དཔྱིས་ཕྱིན་པར་མཛད་དོ། །གཞན་ཡང་སྔ་ཕྱིར་ཁུ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཀྱི་དུས་མཆོད་ཆོ་འཕྲུལ་ཟླ་བའི་ཚེས་ཉི་ཤུ་ནས་བརྩམས་ཏེ་ཉིན་ལྔ་དྲུག་རེ་ལ་ཉིན་རེ་བཞིན་མཆོད་པའི་ཕྲེང་བ་བརྒྱ་