R202: རྣལ་འབྱོར་འཇམ་དཔལ་བཟང་པོ་རྣམ་ཐར།

  • Pagination (Witness A): ༤༨༡
[A:༤༨༡]བཤེས་གཉེན་དམ་པ་རྣམས་དང༌། གྲུབ་པའི་དབང་ཕྱུག་ཆེན་པོ་ཞང་སྟོན་ཆོས་འབར་སོགས་ཀྱི་རྣམ་ཐར་དང་ཚུལ་མཚུངས་པར་སྦས་པའི་བརྟུལ་ཞུགས་ཁོ་ན་འཛིན་པར་མཛད་པས། དག་པའི་གཟིགས་སྣང་དང་སྤངས་རྟོགས་ཀྱི་ཡོན་ཏན་ཇི་ལྟར་འཁྲུངས་སུ་ཞིག་གིས་རྟོགས་པར་ནུས། འོན་ཀྱང་སྐུ་ན་ཆུང་ངུའི་དུས་སུ་ལན་རེ་ལན་གཉིས་ཙམ་མ་ཡིན་པར་དུས་རྟག་ཏུ་སྤྱན་ཟུར་གྱིས་གཟིགས་པའི་ཚེ། མདུན་གྱི་ནམ་མཁར་བིརྺ་པ་དང་ས་ཆེན་གཉིས་ཞལ་སྤྲོད་ཀྱི་རྣམ་པར་བཞུགས་པ་ཁྲ་ལམ་མེར་གཟིགས་ཤིང༌། དེ་ལ་ཆེད་དུ་གཏད་ནས་སྤྱན་ཆེར་གྱིས་གཟིགས་པའི་ཚེ་ཡལ་འགྲོ་བ་ཞིག་ཡོད་ཅེས་གསུང་བ་དང༌། ཡང་ལན་ཅིག་མནལ་ལམ་དུ་ངོར་གྱི་རྒྱབ་རིའི་ངོས་སུ་གསུང་ངག་རིན་པོ་ཆེ་ལམ་འབྲས་ཀྱི་བླ་མ་བརྒྱུད་པ་རྣམས་ཚང་བར་བཞུགས་ཤིང༌། བླ་མ་རེ་རེའི་མཐའ་སྐོར་དུའང་འཇའ་ཁ་དོག་ལྔ་ལྔས་བསྐོར་བ་ཞིག་ཤིན་ཏུ་གསལ་བར་བྱུང་གསུང་བ་སོགས་ལ་དཔགས་ན་དག་པའི་གཟིགས་སྣང་ཡང་མང་དུ་བྱུང་བར་མངོན་ལ། གཞན་ཡང་སྔར་བོད་དུ་བཞུགས་པའི་སྐབས་ཁང་གསར་མཁན་རིན་པོ་ཆེ་ངག་དབང་བློ་གྲོས་བཟང་པོས་ཨེ་ཝྃ་པའི་མཁན་ས་རྩིས་སྤྲོད་གནང་བའི་ཚེ། ཨེ་ཝྃ་པ་ཐམས་ཅད་ཀྱིས་ད་ནི་མཁན་པོར་འོས་པ་རྗེ་འདི་ཁོ་ན་ལས་མེད་པས་མཁན་པོ་མཛད་དགོས་པར་ཐག་བཅད་ནའང༌། རྗེ་འདིའི་ཞལ་སྔ་ནས་ངེད་ཀྱི་རྨི་ལམ་དུ་སྐས་ཞིག་ལ་འཛེགས་པར་བརྩམས་པའི་ཚེ། ཁྱི་ཞིག་གིས་བཀག་པ་སྙམ་བྱེད་པའི་སྣང་བ་ཞིག་བྱུང་བས་ད་ལན་མཁན་པོ་བྱེད་མི་དགོས་པ་འདྲ་ཞེས་བཀའ་སྩལ་པ་ལྟར། དེ་ལོ་གཟིམ་ཕྲུག་ཁང་ཡོངས་འཛིན་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས་ཨེ་ཝྃ་པའི་མཁན་པོ་ཞལ་འཛིན་གནང་བར་བརྟེན་རྗེ་འདིས་མཁན་པོ་མཛད་དགོས་མ་བྱུང་བ་དང༌། ཡང་མདོ་ཁམས་སུ་ལན་རྗེས་མ་ཕེབས་པའི་སྐབས། ཕྱོགས་དེའི་བླ་