[A:༤༨༠]སོགས་མདོར་ན་ཆོས་འཆད་ཉན་གྱི་ཐུགས་བྲེལ་ཡོད་པའི་སྐབས་མ་གཏོགས། རྒྱུན་པར་སྔ་དྲོ་ནས་ཉི་མ་ཕྱེད་མ་ཟིན་ཙམ་གྱི་བར་དུ་ཐུགས་དམ་ཁོ་ན་དང༌། དེ་ནས་སྐབས་སུ་བབ་པའི་ཐུགས་བྲེལ་རྣམས་བཅད་ཅིང༌། སླར་ཡང་དགོངས་མོའི་དུས་རྩ་བརྒྱུད་ཀྱི་བླ་མའི་སྐུ་བསྟོད་དང༌། བརྒྱུད་པའི་གསོལ་འདེབས་ཁ་ཤས་གསུང་བཞིན་པའི་སྒོ་ནས་སྐུ་འཆགས་ཀྱི་ཞབས་སྐོར་ཅི་རིགས་པར་མཛད་ཅིང༌། དེ་ནས་ས་སྲིབ་ཙམ་ནས་བཟུང་སྟེ་མཚན་ཕྱེད་མ་ཟིན་ཙམ་གྱིས་བར་དུ་ཐུགས་དམ་ཁོ་ན་ལ་གཞོལ་བ་སོགས་མདོར་ན་བརྩོན་འགྲུས་དྲག་པོས་ཉིན་མཚན་ཁོར་ཡུག་ཀུན་ཏུ་མཉམ་པར་བཞག་པའི་རྣལ་འབྱོར་དང༌། མཉམ་པར་མ་བཞག་པའི་རྣལ་འབྱོར་རྣམས་ལྟག་སྤྲད་དེ་ཉམས་སུ་བཞེས་པ་ལ་བརྟེན་ནས་ཐ་མལ་གྱི་རྣམ་པར་རྟོག་པས་སྐད་ཅིག་ཀྱང་བརྫི་བར་མི་ནུས་པ་ཡིན་ནོ། །དེ་ལྟར་སྡོམ་པ་གསུམ་ལ་གཅེས་སྤྲས་སུ་མཛད་ཅིང་ཉམས་སུ་བཞེས་པའི་སྟོབས་ཀྱིས་སྤངས་པ་དང་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་པར་གོར་མ་ཆག་ནའང༌། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འདིས་ནི་རང་གི་ཡོན་ཏན་ཐམས་ཅད་བུམ་ནང་གི་མར་མེ་བཞིན་དུ་སྦས་ཏེ་ཅིའང་མི་མཁྱེན་པའི་ཚུལ་ཁོ་ན་མཛད་ཅིང༌། དེའང་ཆོས་དང་འཇིག་རྟེན་གྱི་བྱ་བ་ཆེ་ཕྲ་ཐམས་ཅད་ལ་མཁྱེན་རབ་ཀྱི་ཀློང་ཤིན་ཏུ་ཆེ་བར་སྣང་མོད། ཐ་ན་འཇིག་རྟེན་གྱི་བྱ་བ་ཕྲ་མོ་ཚུན་ཆད་ལ་ངེད་ཀྱིས་ཅིའང་མི་ཤེས་ཁོ་ན་གསུང་ཞིང༌། དག་པའི་གཟིགས་སྣང་དང༌། ཉམས་རྟོགས་ལ་སོགས་པ་ཇི་འདྲ་འཁྲུངས་ཞེས་བཀའ་འདྲི་ཞུས་ནའང༌། ང་ལྟ་བུ་ལ་ཉམས་རྟོགས་ག་ལ་འོང་ཁོ་ན་གསུང་པ་དང༌། བདག་ཅག་བུ་སློབ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་རྫོགས་པའི་སླད་དུ་རྗེ་ཉིད་ཀྱི་རྣམ་ཐར་ཞིག་བྲི་རྒྱུ་ཡིན་ཚུལ་ཞུས་པའི་ཚེའང༌། ང་ལྟ་བུའི་བླ་མའི་རྣམ་ཐར་འབྲི་ཉན་ག་ལ་ཡོད་ཁོ་ན་གསུང་པ་སོགས་མདོར་ན་སྔོན་གྱི་བཀའ་གདམས་པའི་དགེ་བའི་